国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གཞས་ཆུང་མ།

ངས། རྟོག་འཆར་གྱི་སྒེའུ་སྔུན་དུ།

ཁྱོད་ཀྱིས། སྙན་ངག་གི་ཁྱེའུ་བརྒྱ་ཕྲག་ཁྲིད་དེ།

ཟབ་བརྗིད་ཀྱིས་ཁེངས་པའི་ང་ཡི་ལྷིང་འཇགས་དེའི།

ཉིན་སྲིབ་གང་ཞིག་ལས་ཐོན་ཡོང་བར་སྒུག་ཡོད།

ངས། རྣམ་ཤེས་ཀྱི་གས་ཆག་གསེབ་ནས།

ཁྱོད་ཀྱིས། སྙན་ངག་གི་ཟོག་ཁྱུ་རུག་རུག་བྱས་ཏེ།

ཁ་བ་དལ་གྱིས་འབབ་སའི་ང་ཚོའི་ཕ་ཡུལ་དེའི།

རྩྭ་ཐང་དུ་གང་ཞིག་མངོན་ཡོང་བར་སྒུག་ཡོད།

གཞས་ཆུང་མ། སེམས་པ་དང་སྙན་ངག་གའུ་ཁ་སྦྱོར་

དུ་གྱུར་པའི།

ང་ཡི་རྣམ་ཤེས་སུ་ཁྱོད་ཀྱི་སྙན་ངག་གི་ཆར་ཆུ་མེད་པས།

རྟོག་འཆར་གྱི་མེ་ཏོག་སྐམ་ཞིང་ལོ་མ་འཐོར་བར་གྱུར།

གཟུགས་མི་མངོན་པའི་བུ་རམ་དང་འདྲ་བའི།

ཁྱོད་ཀྱིས་བྲིས་པའི་སྙན་ངག་དག་གིས།

ང་ཡི་ནང་སེམས་སུ།

ཡུལ་གྱར་བྱུང་བའི་ལུ་གུས་ལྡོག་ལམ་རྙེད།

ཆར་ནང་དུ་ལམ་ནོར་ཐེབས་པའི་མིས་ལྡོག་ལམ་རྙེད།

འུར་ཟིང་གིས་བསུབས་པའི་ལྷིང་འཇགས་ཀྱི་

ལྡོག་ལམ་རྙེད།

བོར་ནས་ཡུན་རིང་འགོར་བའི་གཞས་ཆུང་མ།

ནད་མེད་པའི་མཆིན་ལར་གསོ་བཅོས་བྱེད་པའི་

ཡུལ་ལུང་འདིར།

སྒོར་མོའི་སྐྱག་དོང་དུ་ལྷུང་བའི་མི་ཚོས།

རྣམ་ཤེས་ཕྱིར་འཚོང་བགྱིད་ཀྱིན་འདུག།

མེས་པོ་ཚོས། ཤེས་རབ་ཀྱི་བྲག་ལས་གཏེར་དུ་བླངས་པའི།

རིག་གནས་དག། བཤམ་སྟོན་ཁང་དུ་སྐྱེལ་བཞིན་འདུག།

དེ་བས། སེམས་པ་སྔར་ནས་ཤི་ཚར་བ་ང་ཡིས།

རང་ཉིད་ཁེན་སའི།

སྙན་ངག་གི་གྱང་ཆག་ཅིག་ལས།

ཁྱོད་ཀྱི་སྙན་ངག་འདོན་པར་སྒུག་ཡོད།

དགུན་ཁའང་དྲོ་བར་བྱེད་པའི།

ཁྱོད་ཀྱི་སྙན་ངག་འདོན་པ་སྒུག་ཡོད།

གཞས་ཆུང་མ།

༼ ཐོར་བུ། ༽