མཐོ་སྒང་གི་དཔྱིད་དཔལ་དལ་བུར་བཞད་ནས་གང་སར་གསོན་ཉམས་ཀྱིས་ཁེངས། “གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་ཐེངས114པ་ཤར་བྱུང་། རེད་ཡ། བུད་མེད་ཚོ་ཁོ་ནར་དབང་བའི་དུས་ཆེན་འདིར། དཀར་ཞིང་མཛེས་པའི་གནས་མཆོག་འདི་ནས་གངས་ལྷ་མེ་ཏོག་ལྟ་བུའི་བུད་མེད་ཁག་ཅིག་ཡོད། གནས་མཆོག་འདི་ནས་ཁོ་ཚོའི་ལུས་ལས་ཚ་གདུག་སེལ་བའི་ཆར་བ་འབབ་བཞིན་ཡོད། ཁོ་ཚོའི་ངག་ལས་ཞིམ་པའི་མེ་ཏོག་གི་དྲི་བཟང་འཐུལ་བཞིན་ཡོད། ཁོ་ཚོའི་ཡིད་ལས་དྲོད་ཞིང་འཇམ་པའི་ཉི་འོད་འཚེར་བཞིན་ཡོད།དེ་རིང་ང་ཚོས་དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་བུད་མེད་ལ་དམིགས་ཏེ་གངས་ལྗོངས་བུད་མེད་རྣམས་ཀྱིས་རང་རང་སོ་སོའི་བྱ་གཞག་དང་། ཁྱིམ་ཚང་། སྤྱི་ཕན་སོགས་ཀྱི་ལས་དོན་སྒྲུབ་པའི་ཁྲོད་རང་གིས་འཇོན་ཐང་མངོན་པ་དང་ནུས་པ་འདོན་པ། དཀའ་ངལ་ལ་མི་འཛེམས་ནས་སྡུག་རུས་རྒྱག་བཞིན་ཡོད་པའི་གནས་ཚུལ་དང་། གངས་རི་སྟེང་ན་བཞད་པའི་གངས་ལྷ་མེ་ཏོག་ལྟ་བུའི་བུད་མེད་ཁྱད་པར་ཅན་ཁག་གཅིག་གིས་རང་ཉིད་ཀྱི་ཆེས་སྤྱིར་བཏང་གི་འཚོ་བ་དང་ལས་དོན་ཁྲོད་རིན་ཐང་བྲལ་བའི་མི་ཚེར་དང་དོད་ཇི་ལྟར་བྱེད་བཞིན་ཡོད་པ་དང་། རང་ཉིད་ལ་དབང་བའི་ཕུགས་འདུན་མངོན་འགྱུར་ཏན་ཏིག་ཇི་ལྟར་བྱེད་བཞིན་ཡོད་པ་རྒྱུས་ལོན་ཞིག་བྱ།
གཅིག།
མཚོ་འཕགས་སྨི4520ཡོད་ཅིང་གངས་རིས་བསྐོར་བའི་ས་ཆར། གྱོད་གཞིའི་ཁྲོད་གྱོད་རྒྱག་མཁན་དང་གྱོད་ཡ་བར་དག་སེལ་བྱེད་རེས་དང་གྱོད་དོན་གྱི་ཡིག་ཆ་ས་རྡོ་བཞིན་སྤུངས་པར་རེ་རེ་བཞིན་ཞིབ་གསེད་བྱེད་པའི་ཁྲོད་དང་། ཁྲིམས་དཔོན་གྱིས་ཁྲིམས་ཀྱི་ཐོ་བ་བརྡུངས་ཐེངས་རེ་རེས་གྱོད་གཞི་རེ་རེ་ཐག་གཅོད་ཐུབ་པའི་བར་གསེང་དུ། ངས་མཐོ་སྒང་གི་ཁྲིམས་ལུགས་ལས་བྱེད་པ་ནི་མདུན་དུ་རི་ཆེན་དང་ཆུ་ཆེན་འཕྲད་རུང་ཤེས་རབ་དང་སྤོབས་པར་བརྟེན་ནས་ཕར་མཐར་བསྐྱོད་པའི་ཉམས་མྱོང་བགྲེས་པོ་ཞིག་རེད་སྙམ་གྱི་ཡོད་ཅེས་པ་ནི་སེར་ཤུལ་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ལས་རོགས་བསྟན་འཛིན་དབང་མོས་མོའི་ཉིན་ཐོའི་ནང་དུ་བྲིས་པའི་སྐད་ཆ་རེད། དེ་ལས་ས་ཆ་གྲང་ངར་ཆེ་བ་དང་མུ་མཐའ་མེད་པའི་ཐང་ཆེན་གྱིས་ཁེངས་པ་དེ་རུ་མོས་གྱོད་གཞི་ཐག་གཅོད་དང་ཁྲིམས་ལུགས་ཤེས་བྱ་ཁྱབ་གདལ་གཏོང་བའི་དོན་སྙིང་དང་སྙིང་སྟོབས་མཚོན་གྱི་ཡོད།
ཕུགས་བསམ་གཅིག་པ་དང་མི་དམངས་ལ་ཞབས་འདེགས་ཞུ་འདོད་པའི་བརྩེ་བ་ཟབ་མོ་ཞིག་གི་རྐྱེན་ལས་དྲང་བདེན་གངས་ལྷ་མེ་ཏོག་ཚོགས་པ་ཞེས་པའི་ཚོགས་པ་ཞིག་བྱང་སྡེ་ཉི་མ་རྫ་ཆུ་ཁ་ནས་འཚར་ལོངས་བྱུང་། ཚོགས་པ་འདི་ནི་དཀར་མཛེས་ཁུལ་གྱི་ཆེད་ལས་བུད་མེད་འདྲི་གཅོད་ཚོགས་པ་ཆེས་ཐོག་མ་ཡིན།2019ལོའི་དགུན་ཟླ12པའི་ཉིན་མོ་ཞིག་ལ། དྲང་བདེན་གངས་ལྷ་མེ་ཏོག་བུད་མེད་འདྲི་གཅོད་ཚོགས་པ་སེར་ཤུལ་དུ་བཙུགས། ཚོགས་པ་དེ་བཙུགས་རྗེས་ཚོགས་མི་བསྟན་འཛིན་དབང་མོར་མཚོན་ན་ཁྲིམས་ལུགས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བའི་ཡིད་ཆེས་སྔ་ལས་བརྟན་པོ་ཆགས་པ་དང་གྱོད་གཞི་དྲང་བདེན་གྱིས་སྒྲུབ་པའི་ལྷག་བསམ་ཇེ་དྲག་ཏུ་ཆགས་ཡོད།
ཆ་སྙོམས་མཚོ་འཕགས་སྨི4520ལས་བརྒལ་བ་དང་ལོ་ཧྲིལ་པོའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་སེ་དྲོད་ཏུའུ1ཡིན་ལ། སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི2.5ཡོད་པའི་ས་ཆར་མི་ཁྲི10ཡན་མན་ཁ་ཐོར་དུ་གནས་ཡོད། སི་ཁྲོན་ཞིང་ཆེན་ལ་མཚོན་ན་མཚོ་འཕགས་ཆེས་མཐོ་ཤོས་དང་ཐག་རིང་ཤོས་ཡིན་པའི་སེར་ཤུལ་རྫོང་དུ་བུད་མེད10ལས་གྲུབ་པའི་ཆེད་ལས་འདྲི་གཅོད་ཚོགས་པ་དེས་ལོ་ནས་ཟླ་དང་། ཟླ་ནས་ཉིན་ལྟར་མི་ཁོམ་མི་ལྕོགས་བྱེད་བཞིན་ཡོད། ཚོགས་པའི་དེའི་འགན་འཁུར་བ་དང་སེར་ཤུལ་རྫོང་མི་དམངས་ཁྲིམས་ཁང་ཕྱོགས་བསྡུས་འདྲི་གཅོད་ཁྲིམས་རའི་འགོ་འཛིན་ཚེ་རིང་ཆོས་སྐྱིད་ཀྱིས་སེར་ཤུལ་རྫོང་གི་ས་རྒྱ་ཆེ་ཞིང་མི་འབོར་ཉུང་ལ་མང་ཚོགས་ཀྱི་སྡོད་གནས་ཁ་ཐོར་ནས་ཡོད་པས་འགལ་བ་དང་རྩོད་པ་ཐུག་དུས་ཁྲིམས་ཁང་དུ་ཡོང་རྒྱུ་ལས་སླ་པོ་དེ་ཙམ་མེད། ལོ་ལྟར་ང་ཚོས་ཁྲིམས་ཁང་གི་གྱོད་གཞི་ཕྱེད་ཀ་ཙམ་འབྲོག་སྡེ་ཡུལ་དངོས་སུ་ཐག་གཅོད་བྱེད་ཀྱི་ཡོད་ཅེས་བཤད།
ལོ་རེའི་དབྱར་དགུན་དུས་ཚིགས་གཉིས་སུ། སེར་ཤུལ་རྫོང་གི་དྲང་བདེན་གངས་ལྷ་མེ་ཏོག་བུད་མེད་འདྲི་གཅོད་ཚོགས་པའི་ཁོངས་མི་ཚོ་རྫ་ཆུ་ཁ་རྩྭ་ཐང་དུ་བསྐྱོད་ནས་ཁྲིམས་ཁང་གི་ཚབ་ཏུ་རྟ་ཐོག་དང་སྦྲ་གུར། རླངས་འཁོར་བཅས་ནས་གྱོད་གཞི་ཐག་གཅོད་བཞིན་ཡོད། གྱོད་རྒྱག་སར་མཚོན་ན་འོས་འགན་མི་འཁུར་བའི་ཕ་དང་ཆུང་མར་གཅར་རྡུང་བྱས་པའི་ཁྱོ་ག་སོགས་ཡོད་པ་རེད། ཟུར་ཉན་བྱེད་མཁན་གྲོང་སྡེའི་ལས་བྱེད་པ་དང་ཉེ་འགྲམ་གྱི་འབྲོག་པ་ཚོ་ཡོད། བུད་མེད་ཁྲིམས་དཔོན་གྱིས་བུད་མེད་ཕྱོགས་ལ་ཕྱོགས་ཞེན་ལངས་པའི་དོགས་པ་སེལ་ཆེད། གྱོད་གཞི་སྒྲུབ་ཐེངས་རེར་སྐྱེས་པ་ལས་བྱེད་པ་གྱོད་གཞི་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོར་ཞུགས་པའི་ལམ་སྲོལ་བཙུགས་ཡོད། གྱོད་གཞི་བསྒྲུབས་ཚར་རྗེས། ད་དུང་གྱོད་གཞིའི་གནས་བབ་དང་དམིགས་སའི་རང་བཞིན་ལ་དམིགས་ནས་ཁྲིམས་ཐག་བཅད་རྗེས་དོགས་གཞིར་ལན་འདེབས་པའི་བྱེད་སྒོ་ཡང་སྤེལ་གྱི་ཡོད།
གཉིས།
ལོ་དེ་འདྲའི་མང་པོ་རིང་ལ་དྲང་བདེན་གངས་ལྷ་མེ་ཏོག་ཚོགས་པའི་བུད་མེད་ཚོས་ཁྲིམས་ཁང་གི་སྒོ་ཐེམ་བརྒལ་ནས་གཞི་རིམ་དུ་བསྐྱོད་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བ་ཞག་པོ་སུམ་བརྒྱ་དྲུག་བཅུ་ཉིན་གཅིག་ལྟར་རྒྱུན་འཁྱོང་བཞིན་ཡོད་པ་དང་། གྱོད་གཞི་སྒྲུབ་ཡུལ་དེ་སྒོ་འགྲམ་གྱི་རྫོང་ཁྲིམས་ཁང་ནས་ཐག་རིང་གི་འབྲོག་ར་དང་གངས་རིའི་འདབས། རྩྭ་ཐང་བཅས་སུ་སྤོས་ཡོད། ཁྲིམས་ལུགས་ལས་བྱེད་པའི་འོས་འགན་ལྕི་མོ་ཕྲག་ཏུ་ཁུར་ཏེ་མཚོ་འཕགས་སྨི5000ལྷག་ཡོད་པའི་གྱོད་གཞི་སྒྲུབ་ཡུལ་དུ་བསྐྱོད་པའི་ལམ་བུ་རུ་ཁ་བ་བུ་ཡུག་གདོང་གིས་བསུ། གངས་དང་འདམ་རུད་རྡོག་པས་བརྫིས། ལམ་ཐག་རིང་ཡང་ངར་སེམས་ནམ་ཡང་ཉམས་པ་མེད། རླངས་འཁོར་ནས་རྟ་དང་དེ་ནས་རྐང་ཐང་དུ་བསྐྱོད་པ་རེས་མོས་སུ་འཁོར་བ་དང་། གློག་མེད་པ་དང་འཕྲིན་གཏོང་བརྡ་རྟགས་མེད་པ་སོགས་ནི་དྲང་བདེན་གངས་ལྷ་མེ་ཏོག་ཚོགས་པའི་ཚོགས་མི་ཚོ་ལ་མཚོན་ན་ཆེས་རྒྱུན་ལྡན་གྱི་སྣང་ཚུལ་ཡིན། ཁོ་ཚོར་ས་གནས་དེ་གའི་རིག་གནས་གོམས་སྲོལ་ལ་རྒྱུས་མངའ་ཆེན་པོ་ཡོད་པར་མ་ཟད་ཡུལ་སྐད་ལ་ཡང་བྱང་ཆུབ་ཡོད། སྐབས་སྐབས་སུ་མཁོ་དགོས་ལ་དམིགས་ནས་ས་གནས་དེ་གའི་སྲོལ་རྒྱུན་གྱི་གྱོད་བཤད་སྟངས་ཀྱི་ལེགས་ཆ་སྤྱད་དེ་འགལ་བ་ཐག་གཅོད་བྱེད་ཀྱི་ཡོད་པས་མང་ཚོགས་ཀྱི་ཁས་ལེན་དང་ཡིད་ཆེས་གང་མང་ཐོབ་ཡོད།
བརྩེ་སེམས་ཟབ་མོས་ཁྲིམས་ལུགས་བརྒྱུད་སྤེལ་བྱེད་པའི་ཁྲོད། ཁོང་ཚོས་ད་དུང་དུས་བཀག་ལྟར་ཁྱིམ་དོན་གྱོད་གཞིའི་ཁྲོད་ཀྱི་བུད་མེད་དབུལ་པོ་དང་བྱིས་པ་ཚོ་གཉེན་ཉེར་བརྩིས་ནས་འཚམས་འདྲི་བྱེད་ཀྱིས་ཡོད། དུས་ཚོད་ངེས་མེད་ལྟར་ཁོང་ཚོས་ཁེར་རྐྱང་དུ་ལྷག་པའི་རྒན་རྒོན་དང་ཕ་མ་ཁྱིམ་དུ་མེད་པའི་བྱིས་པ། དྭ་ཕྲུག་ཚོར་གཅེས་སྐྱོང་བྱས་ནས་དེ་ཚོར་སེམས་གསོ་དང་འཚོ་བའི་དཀའ་ངལ་ཐད་ཅི་འཇོན་གྱིས་རོགས་རམ་བྱས་ཡོད། ད་དུང་། ཁོང་ཚོས་དྲང་བདེན་གངས་ལྷ་མེ་ཏོག་སྦྱངས་འབྲས་ཕུལ་
བྱུང་གི་ཐེབས་རྩ་བཙུགས་ནས་སྦྱངས་འབྲས་ལེགས་པའི་ཁྱིམ་ཚང་དབུལ་ཕོངས་ཀྱི་སློབ་ཕྲུག་ཚོར་ཤེས་བྱས་ལས་དབང་བསྒྱུར་བར་སྐུལ་ལྕག་བྱས་ཡོད། ཚེ་རིང་ཆོས་སྐྱིད་ཀྱིས་ང་ཚོས་ཞིབ་གཅོད་བྱས་པའི་གྱོད་གཞི་བརྒྱ་ཆ80%ནི་བུད་མེད་དང་བྱིས་པ་ཚོར་འབྲེལ་བ་ཡོད་པ་ཡིན། རྫ་ཆུ་ཁ་རྩྭ་ཐང་གི་བུད་མེད་དང་བྱིས་པ་ཚོར་ཁྲིམས་སྐྱོང་གི་སྲུང་གདུགས་ཤིག་ཕུབ་ཐུབ་པ་ནི་ང་ཚོའི་རེ་བ་ཡིན་ཞེས་བཤད།
དུས་ཚོད་ནི་དཔང་པོ་ཡག་ཤོས་ཤིག་ཡིན་པ་སྟེ། སྐྱེས་མ་ཁྱད་པར་ཅན་དེ་ཚོ་དགའ་ཕྱོགས་ཁྲོད་འཚར་ལོངས་བྱུང་བ་དང་འབད་བརྩོན་ཁྲོད་འོད་འཚེར་བཞིན་ཡོད། ལོ4ཡི་ནང། དྲང་བདེན་གངས་ལྷ་མེ་ཏོག་ཚོགས་པ་ནི་གངས་ལྷ་མེ་ཏོག་ལྟར་གཡང་གཟར་ཐོག་ནས་སྐྱེས། གངས་འཁྱགས་དང་བྲག་སྲུབས་ལས་འཚར་ལོངས་བྱུང་། ཁ་བ་བུ་ཡུག་ཁྲོད་འདབ་མ་བཞད། གངས་ལྷ་མེ་ཏོག་གི་རང་བཞིན་ལྟར་གངས་ལྗོངས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པ་དང་། ས་གནས་དེའི་ཉམས་ཆུང་ཚོའི་ཁེ་དབང་སྲུང་སྐྱོང་བྱས་དང་བྱེད་བཞིན་ཡོད་པའི་བུད་མེད་འདྲི་གཅོད་ཚོགས་པ་དེའི་ལས་ཀ་སྒྲུབ་སྟངས་དེ་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་སྣེ་ཁྲིད་འོག་ཉག་ཆུ་གཙང་པོའི་སྟོད་རྒྱུད་ཀྱི་རྫོང4དང་ཡུལ་ཤོག་དང་གྲོང་རྡལ24ཡི་ས་ཁུལ་དབུལ་ཕོངས་ས་ཁུལ་དུ་ཁྱབ་གདལ་བཏང་བ་རེད། ད་སྔར། ཁུལ་ཡོངས་སུ་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ཁྲིམས་ཁང་གིས་དྲང་བདེན་གངས་ལྷ་མེ་ཏོག་གི་བུད་མེད་འདྲི་གཅོད་ཚོགས་པ19བཙུགས་པ་དང་ཚོགས་པའི་ཁོངས་མི235ཟིན་ཡོད་པ་རེད།
གངས་ལྷ་མེ་ཏོག་གི་བུད་མེད་འདྲི་གཅོད་ཚོགས་པ19ཡི་ཞབས་ཞུ་ཁྱབ་ཁོངས་ཁུལ་ཡོངས་ཀྱི་སྲིད་འཛིན་གྲོང་སྡེ2181ལ་ཁེབས་ཡོད། ཁྲིམས་སྐྱོང་གི་བྱ་ཐབས་སྤྱད་དེ་སྤྱི་ཚོགས་བཅོས་སྐྱོང་གི་དཀའ་གནད་སེལ་བ་དང་། བར་འདུམ་འཇམ་པོའི་འདྲི་གཅོད་བྱེད་པ་དང་ཆབས་ཅིག སྡེ་ཚན་མཉམ་འགུལ་གྱི་ལས་ཀར་མཐོང་ཆེན་བྱས་ཏེ། སློབ་གྲྭར་དྲང་བདེན་གངས་ལྷ་མེ་ཏོག་བཅའ་ཁྲིམས་ཞབས་ཞུའི་ས་ཚུགས80བཙུགས་པ་དང་། འགན་འཁུར་བ38ཁྲིམས་སྐྱོང་སློབ་གཙོ་གཞོན་པ་བསྐོས་ནས་ཞབས་ཞུའི་འགན་ནུས་སྣུར་སྲིང་བྱས་ཡོད། ཁྱིམ་དོན་གྱོད་གཞི་དང་འབྲེལ་བ་ཡོད་པའི་བུད་མེད་དང་བྱིས་པ་དཀའ་ངལ་ཅན་བར་གཅིག་ལ་གཅིག་གཏད་ཀྱི་ཁྲིམས་ལུགས་ཀྱི་རོགས་རམ་བྱས་ཏེ། སྤྱི་ཚོགས་ལས་རིགས་ཁག་དང་མཉམ་དུ་སྐྱེ་བོ་ལོ་ན་མ་སོན་པར་སྲུང་སྐྱོང་གི་ལས་དོན་གྱི་རྣམ་པ་གསར་པ་ཞིག་ཆགས་ཡོད།
དྲང་བདེན་གངས་ལྷ་མེ་ཏོག་བུད་མེད་འདྲི་གཅོད་ཚོགས་པའི་ཚོགས་མི་རེ་རེས་མཐོ་སྒང་གི་བུད་མེད་དང་བྱིས་པ་ཉམ་ཆུང་ཚོའི་ཁེ་དབང་སྲུང་བའི་ཆེད་ཁྲིམས་སྐྱོང་གི་སྲུང་གདུགས་འབུབས་བཞིན་ཡོད་ཅེས་བརྗོད་ཆོག་ཆོག་རེད། ཚེ་རིང་ཆོས་སྐྱིད་ཀྱིས་ང་ཚོས་དམངས་དོན་གྱི་ཆེད་དུ་ཁྲིམས་འཛིན་གྱི་འདུ་ཤེས་འཛིན་པ་དང་། ལས་ཀའི་དགོས་མཁོར་དམིགས་ནས་དྲང་བདེན་གངས་ལྷ་མེ་ཏོག་ཚོགས་པའི་ནུས་ཤུགས་ལ་བརྟེན་ནས་ཁྲིམས་འཛིན་དྲང་གཞག་བྱས་ཏེ་ཁྲིམས་ལུགས་ཀྱི་བརྩེ་བ་ཟབ་མོ་དེ་མཐོ་སྒང་གི་བུད་མེད་དང་བྱིས་པའི་སེམས་ནང་བསྐྱལ་རྒྱུ་ཡིན་ཞེས་བཤད། 2023ལོར། དྲང་བདེན་གངས་ལྷ་མེ་ཏོག་བུད་མེད་འདྲི་གཅོད་ཚོགས་པར་རྒྱལ་ཡོངས་བུད་མེད་བྱས་རྗེས་འཇོག་པའི་སྔོན་ཐོན་སྡེ་ཚན་གྱི་མཚན་སྙན་ཐོབ། 2024ལོར། རྒྱལ་ཡོངས་ལེ་ཧྥེང་ལ་སློབ་སྦྱོང་བྱེད་སྒོའི་དཔེ་སྟོན་བྱ་ཡུལ་ཁག་དགུ་པའི་ནང་བདམས་ཐོན་བྱུང་བ་རེད།།
( སྐལ་བཟང་རྒྱ་མཚོས་བསྒྱུར།)