མདུད་པ་ཞེས་པ་ནི་བོད་མི་རིགས་ཀྱི་གདོད་མའི་དུས་ནས་དར་བའི་རིག་གནས་གལ་ཆེན་ཞིག་ཡིན་ལ། ལོ་རྒྱུས་ཡིག་ཚགས་ཁག་ཏུ་སྔར་བོད་མི་རྣམས་ཀྱིས་ཤིང་ལ་རྟགས་བརྒྱབ་ཅིང་ཐག་པར་མདུད་པ་བརྒྱབ་ནས་རྒྱུ་ནོར་གྱི་གྲངས་ཀ་བརྩིས་ཞེས་པ་ལྟར། དེ་ལས་ཡི་གེ་མ་དར་བའི་སྔོན་ནས་མདུད་པའི་རིག་གནས་དར་ཡོད་པ་རྟོགས་ཐུབ།
དེ་ལྟར་མི་རབས་ནས་མི་རབས་བརྒྱུད་དེ་མདུད་པ་ནི་ང་ཚོའི་འཚོ་བའི་ཁྲོད་ཀྱི་རིག་གནས་གལ་ཆེན་ཞིག་ཏུ་གྱུར། རོང་འབྲོག་གི་མི་སུ་ཞིག་ཡིན་ཡང་མདུད་པ་རྒྱག་མི་ཤེས་མཁན་གཅིག་ཀྱང་མེད་མོད། འོན་ཀྱང་མདུད་པ་ནི་མདུད་པ་ཙམ་ལས་རིག་གནས་ཤིག་ལ་ངོས་འཛིན་མཁན་ཤིན་ཏུ་དཀོན་པས། ཐེངས་འདིར་ཕ་ཡུལ་གྱི་རྒན་པོ་དག་གི་གམ་དུ་བཅར་ནས་མདུད་པའི་ངོ་བོ་དང་དབྱེ་བ་སོགས་ནན་གྱིས་དྲིས་ཤིང་མདུད་པ་མདུད་སྟངས་དག་བརྙན་དུ་བླངས་ཡོད་པས་མ་ཚད། འདིའི་སྐོར་ཅུང་ཟད་བརྗོད་པར་བྱ།
སྤྱིར་རིག་གཞུང་གི་ངོས་ནས་བལྟས་ན། མདུད་པ་ཞེས་པ་ནི་མི་འགྱུར་བའི་རྟགས་ཤིག་ཡིན་ལ། དེ་ལ་དངོས་ཡོད་དང་དངོས་མེད་ཀྱི་རིགས་གཉིས་སུ་དབྱེ་ཆོག་སྟེ། དངོས་ཡོད་ནི་ཐག་པར་མདུད་པ་རྒྱག་པའི་རིགས་དང་དངོས་མེད་ནི་ཚིག་གི་མདུད་པ་ལྟ་བུའོ།། ཐག་པ་གཉིས་ཕན་ཚུན་མི་འབྲལ་བའི་ཆེད་དུ་སྣེ་གཉིས་སུ་མདུད་པ་རྒྱག་པ་དང་མི་དང་མིའི་བར་དུ་བཤད་པའི་སྐད་ཆ་མི་འགྱུར་བའི་ཆེད་དུ་ཚིག་གི་མདུད་པ་རྒྱག་པར་མནའ་དཔང་བཙུགས་པ་སོགས་ཡོད། མདུད་པའི་མིང་གཞན་ལ་ཆིངས་ཀྱང་ཟེར་སྲོལ་ཡོད་ལ་དཔེར་ན་སེ་ཆིངས་ལྟ་བུའོ།།
མདུད་སྟངས་ལ་དབྱེ་ན་ནག་པོ་དགུ་མདུད། ཕུར་མདུད། སྐུ་མདུད། རྟ་མདུད། ཐེམ་མདུད། ལྕགས་མདུད། ཚེ་མདུད། སེ་ཆིངས། མདུད་ནག་སོགས་རིགས་ཤིན་ཏུ་མང་ངོ་།།
( ཉི་མ་ནོར་བུས་བྲིས།)