ཉེ་ཆར། ལི་ཐང་རྫོང་གིས2024ལོར་ཚད་གཞི་མཐོ་བའི་མཐོ་སྒང་འབྲུ་མཛོད་འཛུགས་སྐྲུན་དང་ཡུལ་སྡེའི་ཐོན་ལས་དར་རྒྱས་གཏོང་བའི་ཞིང་ལས་རྒྱུ་ཆ་སྤྲད་པའི་མཛད་སྒོ་སྤེལ་བ་རེད། ཞིང་ལས་ཚན་རིག་ཁང་དུ་ས་བོན་སྣ་ཚོགས་དང་ལུད་སོགས་དངོས་ཟོག་གྲལ་འགྲིག་ངང་བཞག་ཡོད་ལ། རྫོང་ཞིང་འབྲོག་ཞིང་སྡེ་དང་ཚན་རྩལ་ཅུས་ཀྱི་ལས་དོན་མི་སྣ་དང་ཡུལ་ཤོག་གྲོང་རྡལ་ཁག་གི་ཞིང་ལས་ལག་རྩལ་མི་སྣ། ཞིང་འབྲོག་མང་ཚོགས་བཅས་ཀྱིས་བྲེལ་བ་ཆེན་པོས་ས་བོན་སྐྱེལ་བཞིན་གདོང་ལ་འཛུམ་མདངས་ཀྱིས་ཁེངས། ཚང་མས་ས་བོན་དེ་དག་གི་སྤུས་ཚད་ཧ་ཅང་ཡག་པོ་འདུག། རྫོང་གིས་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་ལི་ཐང་རྫོང་གིས་མ་དངུལ་སྒོར་ཁྲི1950བསགས་ཏེ་ནས་དང་ཞོག་ཁོག། པད་ཁའི་སོན་བཟང་། ལྕགས་དྲྭ་སྨི་ཁྲི12ཅན། ཕྱུགས་རྩྭའི་སོན་བཟང་དང་སྐྱེ་ལྡན་ལུད་སོགས་དངོས་ཟོག་ཁྱོན་ཏུན3050ཉོས་ཏེ། ནས་ཐོན་མཐོའི་དཔེ་སྟོན་ཁུལ་དང་ཞོག་ཁོག་ཐོན་མཐོའི་དཔེ་སྟོན་ཁུལ། སྤུས་ལེགས་ཅན་གྱི་ཕྱུགས་རྩྭ་དཔེ་སྟོན་ཁུལ་སོགས་ཀྱི་ཁྱབ་ཁོངས་སུ་སྤྱད་ཅིང་། ཞིང་འབྲོག་ཁུལ་གྱི་ཡུལ་ཤོག(གྲོང་རྡལ)22དང་ཞིང་འབྲོག་མང་ཚོགས་ལ་ཕན་པ་བསྐྲུན་རྒྱུ་རེད།
རྫོང་ཡོངས་ཀྱི་ད་ལོར་འབྲུ་རིགས་འདེབས་ཚད་མུའུ་ཁྲི5.17བརྟན་པོར་ཡོང་བ་དང་ཐོན་ཚད་ཏུན་ཁྲི1.28མངོན་དུ་འགྱུར་བའི་དམིགས་ཚད་གཏན་ལ་ཕབ་ཡོད། རྫོང་ཞིང་འབྲོག་ཞིང་སྡེ་དང་ཚན་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ང་ཚོས་འོས་འགན་ས་ཚུགས་དང་ཞིང་ལས་ལག་རྩལ་པའི་སྡོད་གནས་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་དང་། ཚན་རིག་དང་མཐུན་པའི་མཛུབ་ཁྲིད། འབྲུ་རིགས་ཡག་པོ་འདེབས་པ་བཅས་ལ་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་བཤད།
ཉེ་བའི་ལོ་ཤས་རིང་ལི་ཐང་རྫོང་གིས“གཙང་གསུམ་རྒྱུད་དྲུག”དེང་རབས་ཞིང་ལས་ཐོན་ལས་འཛུགས་པར་དམིགས་ནས་རྨོ་ཞིང་གི་དམར་ཐིག་དང་འབྲུ་རིགས་ཉེན་མེད་ཀྱི་མཐིལ་ཚད་སྲུང་ཞིང་། ཚན་རྩལ་གྱི་འདེགས་སྐྱོར་ལ་ཤུགས་སྣོན་དང་། གླིང་ཁུལ་གྱི་མི་མངོན་པའི་ནུས་པ་ཤུགས་ཆེན་འདོན་པ། སྐྱེ་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐོན་རྫས་མཁོ་སྤྲོད་འགན་ལེན་བཅས་བྱས་ཏེ་དུས་རབས་གསར་པའི་ཚད་གཞི་མཐོ་བའི་མཐོ་སྒང་གི་འབྲུ་མཛོད་བསྐྲུན་པའི་ལམ་བུར་རྒྱུན་ཆད་མེད་པར་མདུན་དུ་བསྐྱོད་ཡོད།།
( ཡེ་ཤེས་ཀྱིས་བསྒྱུར།)
