国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སེར་ཤུལ་རྫོང་དབོན་ཐོག་གྲོང་སྡེས་སྦྲང་མ་ གསོས་ནས་བདེ་སྐྱིད་ལམ་བུ་སྐྲུན།

ལས་སྒྲུབ་མི་སྣས་གྲོང་སྡེས་གསོ་སྤེལ་བྱེད་པའི་སྦྲང་ཚང་ལ་ཞིབ་བཤེར་བྱེད་བཞིན་པའི་ཚུལ།

དབོན་ཐོག་གྲོང་སྡེའི་དབུལ་ཐར་དུད་ཚང་ཆོས་ཉིད་མཚོ་མོས་སྦྲང་མ་གསོ་སྟངས་སྦྱོང་བཞིན་པའི་ཚུལ།

དཔྱིད་ཟླ་བཞི་པ་ནི་སེར་ཤུལ་རྫོང་དུ་མེ་ཏོག་བཞད་པའི་དུས་ཚིགས་ཡིན་ཞིང་། ལོ་ཕྱུག་གྲོང་རྡལ་དབོན་ཐོག་གྲོང་སྡེར་གནམ་སྔོན་པོའི་འོག་དང་མེ་ཏོག་རྒྱ་མཚོའི་ཁྲོད་སྦྲང་མ་ཁྱུ་དང་ཁྱུ་བྱས་ནས་འཕུར་བཞིན་པའི་བྲེལ་འཚུབ་ཀྱི་རྣམ་པས་ཁེངས། དེ་ནི་ཁུལ་ཞིང་འབྲོག་ཞིང་སྡེ་ཅུས་དང་ཁུལ་སྦྲང་རྩི་དོ་དམ་ས་ཚུགས་ཀྱིས་ཚོད་ལྟ་ཁྱབ་གདལ་བཏང་བའི་མཐོ་སྒང་སྦྲང་རྩི་གསོ་སྤེལ་ཡིན་ཞིང་། གསོ་སྤེལ་ལས་རིགས་གཉེར་བ་ནས་བཟུང་སེར་ཤུལ་རྫོང་གི་སྦྲང་མ་གསོ་སྤེལ་ཐོན་ལས་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་བ་དང་། སྦྲང་མཁན་ཧོང་ལུན་གྱིས་དབོན་ཐོག་གྲོང་སྡེའི་ཡུལ་མིའི་སྣེ་ཁྲིད་པར་མ་ཟད་རྟག་པར་སྦྲང་རྩི་སྡུད་པ་དང་སྨིན་པར་ལྟ་བཞིན་ཡོད།

དབོན་ཐོག་གྲོང་སྡེར་འཕང་འབྲས་དང་པད་ཁ། འོ་སེ། སེའུ། ནས། མེ་ཏོག་ལུག་མིག་སོགས་སྦྲང་རྩི་འབྱུང་ཁུངས་ཀྱི་རྩྭ་རྩི་ཤིང་ཅུང་མང་བས་སྦྲང་མ་གསོ་ས་ཡག་པོ་ཞིག་ཡིན་པས་སྦྲང་རྩིའི་ཐོན་ལས་འཕེལ་རྒྱས་མི་གཏོང་དོན་ཅི་ཡིན་ནམ། མཚོ་འཕགས་མཐོ་ཁུལ་དུ་ཐོན་སྐྱེད་བྱས་པའི་སྦྲང་རྩི་ལ་འཚོ་རྒྱུ་དང་གཏེར་རྫས། ཨན་གཞི་སྐྱུར། དབྱང་འགྱུར་འགོག་དངོས་སོགས་འཚོ་བཅུད་ཀྱི་གྲུབ་ཆ་ཕུན་སུམ་ཚོགས་པོ་ཡོད་པས་སྦྲང་རྩི་ལ་དམིགས་བསལ་གྱི་དྲི་ཞིམ་དང་བྲོ་བ་ལྡན། ན་ལོའི་སྤྱི་ཟླ9པར་ཁུལ་སྦྲང་རྩི་དོ་དམ་ས་ཚུགས་ཀྱི་འགོ་འཛིན་གཞོན་པ་ཧོང་ལུན་དབོན་ཐོག་གྲོང་སྡེར་ཡོང་ནས་གྲོང་སྡེའི་བཅའ་སྡོད་ཧྲུའུ་ཅི་དང་པོའི་འགན་བཞེས། ཁོང་གིས་སྐབས་དེར་ངས་སྦྲང་མ་སྒམ7ཁྱེར་ནས་དེ་གར་ཡོང་ཡོད། འབའ་ཐང་ནས་སྦྲང་མ་ནང་འདྲེན་རྒྱུད་སྦྱོར་དང་། དྲོད་ཚད་དང་བརླན་ཚད་ལྟ་ཞིབ་ཚད་ལེན། འགྱིག་སྐྱིས་དྲོད་སྲུང་དང་བརླན་སྲུང་བཅས་བྱས་པར་བརྒྱུད་སྦྲང་མ་སེར་ཤུལ་དུ་བདེ་བླག་ངང་སྐྱེ་འཕེལ་ཐུབ་ཡོད་ཅེས་བཤད།

དབོན་ཐོག་གྲོང་སྡེ་ནི་མཐོ་གྲང་ཁུལ་དུ་གཏོགས་པས་དགུན་དུས་མེ་ཏོག་གི་འབྱུང་ཁུངས་ཧ་ཅང་ཉུང་མོད། འོན་ཀྱང་འབྲི་ཆུའི་འགྲམ་དུ་གནས་པ་དང་འདན་མ་འདམ་ར་དང་ཐག་ཉེ་ཞིང་། ཆུ་ཁུངས་ཕུན་སུམ་ཚོགས་ཤིང་། ཉི་འོད་མང་བ། ས་བབ་མཐོ་ཞིང་རྙོག་འཛིང་ཆེ་བའི་ས་དབྱིབས་དང་གནམ་གཤིས་ཁོར་ཡུག་སྣ་མང་ཅན་བཅས་ཀྱི་དབང་གིས་སྦྲང་རྩི་འབྱུང་ཁུངས་ཀྱི་རྩི་ཤིང་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས་སྦྲང་མ་གསོ་བའི་ཐོན་ལས་འཕེལ་རྒྱས་གཏོང་བར་ཐུན་མོང་མ་ཡིན་པའི་ཆ་རྐྱེན་དང་བར་སྟོང་ཆེན་པོ་ཞིག་མཁོ་འདོན་བྱས་ཡོད། བརྟག་དཔྱད་ཚོད་རྩིས་བྱས་པར་གཞིགས་ན། དབོན་ཐོག་གྲོང་སྡེའི་མངའ་ཁོངས་སུ་ད་ཡོད་ཀྱི་སྦྲང་རྩི་འབྱུང་ཁུངས་རྩི་ཤིང་གིས་སྦྲང་སྒམ2000ཡན་སྦྲང་ཁྱུ་གསོ་སྤེལ་བྱེད་ཐུབ་ཀྱི་ཡོད།

བྱ་བ་གང་ཞིག་སྒྲུབ་ཀྱང་ཐོག་མར་དཀའ་ཞེས་པ་ལྟར། སྦྲང་གསོ་ཉམས་མྱོང་མེད་པའི་ས་གནས་དེ་གའི་ཡུལ་མི་ཚོས་ཐོག་མར་ཐོན་ལས་དེར་འབྲས་བུ་ཐོབ་མིན་གྱི་དོགས་པ་བྱས་ཏེ་ཡིད་ཆེས་མེད་པ་རེད། དེའི་རྗེས་ཧོང་ལུན་གྱིས་ཁོ་ཚོར་སྦྲང་མ་གསོ་སྤེལ་སྐོར་གྱི་ཤེས་བྱ་བཤད་པ་དང་སྦྲང་གསོའི་ལག་རྩལ་སློབ་ཁྲིད་བྱས་མཐར་གཞི་ནས་ཡིད་ཆེས་ཀྱིས་ཁེངས་ཡོད།

དབུལ་ཐར་དུད་ཚང་ཆོས་ཉིད་མཚོ་མོའི་སྒོ་རའི་ནང་སྦྲང་སྒམ་ཆེན་པོ་ལྔ་བཞག་ཡོད། ཆོས་ཉིད་མཚོ་མོས་སྦྲང་སྒམ་གྱི་ཁ་ལེབ་ཕྱེ་མ་ཐག་སྦྲང་མ་མང་པོ་ཉི་འོད་ཁྲོད་ཡར་འཕུར་མར་འཕུར་བྱེད་བཞིན་ཡོད།

ཆོས་ཉིད་མཚོ་མོས་ཧྲུའུ་ཅི་ཧོང་ལགས་ཀྱིས་ང་ལ་ཇི་ལྟར་བྱས་ནས་སྦྲང་མའི་གནོད་འཚེ་སྔོན་འགོག་སྐོར་སློབ་ཁྲིད་བྱས་བྱུང་། ང་ཚོས་སྦྲང་མར་ཕར་གནོད་འཚེ་མ་བཏང་ན་སྦྲང་མས་ཚུར་གནོད་འཚེ་གཏོང་གི་མ་རེད་ཅེས་བཤད།

ཆོས་ཉིད་མཚོ་མོས་ངའི་སྦྲང་གསོ་ལག་རྩལ་ནི་ཧྲུའུ་ཅི་ཧོང་ལགས་ཀྱིས་བསླབ་པ་རེད། ཁོང་གིས་ཆར་པ་བབས་ནའང་ཐང་རླུང་བུ་ལྡང་ནའང་འདྲ། དུས་ཐོག་ཏུ་ངའི་ཁྱིམ་དུ་ཡོང་ནས་སྦྲང་གསོའི་ལས་རིགས་ཐད་མཛུབ་ཁྲིད་གང་མང་བྱས་བྱུང་། སྦྲང་ཚང་དང་སྦྲང་གསོ་ཡོ་བྱད་དེ་དག་ནི་ཁུལ་ཞིང་འབྲོག་ཞིང་སྡེ་ཅུས་དང་ཁུལ་སྦྲང་ལས་དོ་དམ་ས་ཚུགས་གྱིས་རིན་མེད་ངང་སྤྲད་པ་རེད་ཅེས་བཤད།

ན་ནིང་ནས་བཟུང་ཡུལ་སྡེ་དར་རྒྱས་གཏོང་བར་ཁྱོན་ཡོངས་ནས་སྐུལ་ཆེད། ཁུལ་ཞིང་འབྲོག་ཞིང་སྡེ་ཅུས་དང་ཁུལ་སྦྲང་རྩི་དོ་དམ་ས་ཚུགས་ཀྱི་རྒྱབ་སྐྱོར་ཚན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ང་ཚོའི་གྲོང་སྡེ་དང་མཉམ་འབྲེལ་བྱས་ཏེ་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། དབོན་ཐོག་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཨོ་དགས་གསར་འགོད་པར་གོང་རིམ་གྱི་མཛུབ་ཁྲིད་དང་གྲོང་སྡེའི་བཅའ་སྡོད་ཧྲུའུ་ཅི་དང་པོས་ཐུན་མོང་ཐོག་འཆར་འགོད་བྱས་པར་གཞིགས་ནས་ཡུལ་མི་ཚོར་སྒོ་རའི་སྦྲང་རྩི་གསོ་སྐྱོང་ཐོན་ལས་འཕེལ་རྒྱས་གཏོང་བ་གཏན་ལ་ཕབ་པ་དང་། ད་སྔར་ཁྱོན་ཡུལ་མི་དུད་ཚང6གིས་སྒོ་རའི་སྦྲང་རྩི་གསོ་སྐྱོང་བྱེད་བཞིན་ཡོད་པ་དང་། དུད་ཚང་རེས་སྦྲང་ཚང5གསོ་སྐྱོང་བྱེད་བཞིན་ཡོད་ལ་ང་ཚོའི་གྲོང་སྡེའི་ཐུན་མོང་གིས་ཀྱང་སྒོ་རའི་སྦྲང་ཚང34གསོ་སྐྱོང་བྱས་ཡོད་ཅེས་བཤད།

ཨོ་དགས་ངོ་སྤྲོད་བྱས་པར་གཞིགས་ན། ཧོང་ལུན་གྱིས་ཡུལ་མིའི་སྦྲང་གསོ་ཧུར་སེམས་སློང་ཆེད། དམའ་ཤོས་འགན་ལེན་དང་ལག་རྩལ་རོགས་སྐྱོར་བྱ་རྒྱུའི་ཇུས་གཞི་བཏོན་ཡོད། དེ་དང་ཆབས་ཅིག་སྦྲང་མ་གསོ་སྐྱོང་བྱེད་འདོད་ཡོད་པའི་ཡུལ་མི་དང་དམའ་ཤོས་འགན་ལེན་གྱི་གྲོས་མཐུན་བཞག་པ་སྟེ། སྦྲང་མ་སྒམ་ལྔ་གསོ་སྤེལ་བྱས་ནས་ལོ་གཅིག་གི་ཡོང་འབབ་སྒོར2000འགན་ལེན་བྱེད་པ་དང་འབྲེལ་གསོ་སྤེལ་དང་། ཐོན་སྐྱེད། ཐུམ་སྒྲིལ། ཕྱིར་ཚོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལག་རྩལ་རོགས་སྐྱོར་ཡང་བྱ་རྒྱུ་ཡིན་པ་རེད།། ( ཀུན་དགས་བསྒྱུར།)