国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་གྱིས་འཕེལ་རྒྱས་ལག་ལེན་གསར་པར་ཁྲིད་སྟོན་བྱ་དགོས། (གཅིག།)

2023ལོའི་ཟླ་བ9པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧེ་ལུང་ཅང་དུ་གཟིགས་ཞིབ་གནང་སྐབས་ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་གྱི་སྐོར་ཐོག་མར་བཏོན་གནང་ཞིང་། 2024ལོའི་ཟླ་བ་དང་པོའི་ཚེས31ཉིན་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་གཅིག་པར་ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་འཕེལ་རྒྱས་མགྱོགས་པོར་བཏང་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཧུར་ཐག་གིས་བསྐུལ་དགོས་ཞེས་ནན་གསུང་གནང་ཡོད། ང་ཚོས་ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་གྱིས་འཕེལ་རྒྱས་ལག་ལེན་གསར་པར་ཁྲིད་སྟོན་བྱས་ཏེ། འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་བསྐུལ་དགོས་ན། ཅི་ཞིག་ལ་ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་ཟེར་བ་དང་། ཅིའི་ཕྱིར་ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་འཕེལ་རྒྱས་གཏང་དགོས་པ། ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་འཕེལ་རྒྱས་ཇི་ལྟར་གཏང་དགོས་པའི་གནད་དོན་མ་ཤེས་ཐབས་མེད་ཡིན། འོ་ན་ཅི་ཞིག་ལ་ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་ཟེར་བ་རེད་ཅེ་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་ལྟར་ན། ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་ཞེས་པ་ནི་གསར་གཏོད་ཀྱིས་གཙོ་ཁྲིད་ནུས་པ་འདོན་པ་དང་། སྲོལ་རྒྱུན་དཔལ་འབྱོར་འཕར་སྟངས་དང་ཐོན་སྐྱེད་སྟོབས་ཤུགས་འཕེལ་རྒྱས་ཐབས་ལམ་ལས་ཐར་ཞིང་། ཚན་རྩལ་བཟང་བ་དང་ཕན་ནུས་ཆེ་བ། སྤུས་ཚད་མཐོན་པོའི་ཁྱད་ཆོས་ཡོད་ཅིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་མཐུན་པའི་སྔོན་ཐོན་ཐོན་སྐྱེད་སྟོབས་ཤུགས་ཀྱི་སྤུས་རྣམ་ལ་ཟེར་བ་རེད། དེ་ལག་རྩལ་འགག་བརྟོལ་གསར་བརྗེ་ཅན་དང་ཐོན་སྐྱེད་གྲུབ་རྐྱེན་བཀོད་སྦྱར་གསར་གཏོད་ཅན། ཐོན་ལས་རིགས་སྒྱུར་རིམ་སྤར་ཆེན་པོ་ལས་བསྐུལ་ནས་བྱུང་ཞིང་། ངལ་རྩོལ་པའི་ངལ་རྩོལ་ནུས་པ་སྔར་བས་འཕར་བ་དང་། ངལ་རྩོལ་རྒྱུ་ཆ་སྔར་བས་གསར་ཐོན་མང་བ། ངལ་རྩོལ་བྱ་ཡུལ་གྱི་ཁྱབ་རྒྱ་སྔར་བས་ཆེ་རུ་སོང་བ། དེ་བཞིན་དེ་ཚོ་སྡེབ་སྒྲིག་ཡག་པོར་བྱུང་ནས་ཐོན་སྐྱེད་སྟོབས་ཤུགས་སྔར་ལས་འཕར་བ་ནི་དེའི་རྩ་བའི་ནང་དོན་ཡིན་ལ། མཚོན་རྟགས་གཙོ་བོ་ནི་གྲུབ་རྐྱེན་ཧྲིལ་པོའི་ཐོན་སྐྱེད་བྱེད་ཚད་དྲག་ཏུ་འཕར་བ་དེ་རེད། ཁྱད་ཆོས་ནི་གསར་གཏོད་ཡིན་ལ། གནད་འགག་ནི་སྤུས་ལེགས་ལ་ཐུག་ཅིང་། ངོ་བོ་ནི་སྔོན་ཐོན་ཐོན་སྐྱེད་སྟོབས་ཤུགས་ཡིན་པ་རེད།

ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་འཕེལ་རྒྱས་གཏོང་བའི་གྲུབ་རྐྱེན་གཙོ་བོ་གང་རེད་ཅེ་ན། དེ་ནི་ཚན་རྩལ་གསར་གཏོད་རེད། ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་གསར་པ་དང་བྱེད་སྟངས་གསར་པ། སྒུལ་ཤུགས་གསར་པ་བསྐུལ་ནས་བྱུང་ཐུབ། དེས་ན་ངེས་པར་དུ་ཚན་རྩལ་གསར་གཏོད་དང་ལྷག་པར་དུ་གསར་རྩོམ་རང་བཞིན་དང་རྩ་སློག་རང་བཞིན་གྱི་ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏང་དགོས། ཚན་རྩལ་ཆུ་ཚད་མཐོན་པོ་རང་ཚུགས་རང་འབད་མགྱོགས་པོར་ཡོང་བ་དང་། གནད་འགག་སྲོག་ཤིང་ལག་རྩལ་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་སྟེ། གསར་རྩོམ་རང་བཞིན་དང་རྩ་སློག་རང་བཞིན་གྱི་ཚན་རྩལ་གསར་གཏོད་གྲུབ་འབྲས་འགྲན་པ་ལྟར་ཐོན་དུ་བཅུག་ནས། ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་གསར་པ་སྐྱེད་ཅིང་བསྲིང་དགོས།།

(སྐལ་བཟང་ཐུབ་བསྟན་གྱིས་བྲིས།)