国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་དུ་ལོ་རྒྱུས་ཀྱིས་བྲིས་པའི་ཤོག་ལྷེ་ངོ་མཚར་བས་ཁེངས།

(པར་ངོས་དང་པོར་མཐུད།)

རིག་གནས་མཉམ་དུ་འདྲེས་པར་འདུས་ན་མེ་ཕུང་ཞིག་ཏུ་གྱུར་ཅིང་ཐོར་ན་གང་སར་ཁྱབ། འདི་ན་ནི་མི་རིགས་མང་པོ་འདུས་སྡོད་དང་མཉམ་འདྲེས་ཀྱི་ས་ཆ་ཡིན་ཞིང་། ཤེས་དཔལ་གྱི་ས་བོན་གནས་འདི་རུ་འགོ་འབུས་ཤིང་རྒྱས་ཡོད། ཆིན་དང་ཧན་རྒྱལ་རབས་ཀྱི་སྔོན་དུ་བྱང་ཕྱོགས་གནའ་བོའི་ཆའང་མི་ལྷོ་རྒྱུད་དུ་ཡོང་ནས་དཀར་མཛེས་ཁུལ་གྱི་གཞིས་མེས་དང་མཉམ་དུ་འདྲེས་པ་ནས། ཐང་དང་སུང་རྒྱལ་རབས་ནས་བཟུང་པའི་ཚོང་འདུས་རྡལ་ལམ་དང་། དེ་བཞིན་ཆིང་རྒྱལ་རབས་དུས་མཇུག་གི་སྡེ་དཔོན་འཐེན་ནས་གཞུང་དཔོན་གཏོང་བའི་བར་བཅས་ལས། འདུ་ཤེས་ཐད་འབྲེལ་འདྲིས་གཅིག་མཐུན་དང་།རིག་གནས་ཐད་སྤེལ་རེས་མཉམ་འདྲེས། ཐོན་ཁུངས་ཐད་མཉམ་བརྩེགས་མཉམ་གནས་ཡིན་པ་མངོན་པར་མཚོན་ཡོད། ད་ལྟའི་བར། ཕྱག་ཕྲེང་གི་ཆས་གོས་ལ་སྔར་བཞིན་འཇང་ས་དམ་གྱི་ཆས་ཤན་ཞུགས་ཡོད་ཅིང་། མི་ཉག་རྡོ་བརྩིགས་ཀྱི་གསེང་དུ་ད་དུང་སུང་དང་ཡོན་རྒྱལ་རབས་ཀྱི་འཛུགས་སྐྲུན་རྟགས་མཚོན་ཡིབ་ནས་མཆིས་ལ། སེར་ཤུལ་རྡོ་བརྐོས་ལས་ད་རུང་རྒྱ་བོད་ཀྱི་ཁྱད་ཆོས་འདྲེས་ནས་ཡོད་པ་ངོས་དཔང་བྱེད་ཐུབ།

རིག་གནས་མཉམ་འདུས་བྱུང་ནས་འོད་མདངས་བསྐྱར་དུ་འཚེར།། གནའ་རྒྱུན་བསྐྱངས་ཤིང་སྤེལ་ཏེ་འཚོ་རྒྱུན་གཏན་དུ་བསྲིངས།།

ལྷོ་བྱང་རིག་གནས་ས་འདིར་འདྲེས་འགྱུར་དུ་སོང་ནས་གཅིག་ཏུ་འདུས་ཤིང་། འབྲོག་སྐྱོང་མི་རིགས་ཀྱི་དཔའ་སྙེམས་ཁོག་ཡངས་དང་སོ་ནམ་རིག་གནས་ཀྱི་རྨོ་འདེབས་ཞིབ་ལས་གནས་འདིར་མཉམ་འདྲེས་གདོང་ཐུག་བྱུང་ནས་ས་དེ་གའི་ཁྱད་ཆོས་ལྷག་པར་མངོན་ཞིང་ལོ་རྒྱུས་ཟབ་མོའི་ཁུར་ཐེག་པའི་ཁམས་ཀྱི་རིག་གནས་ཆགས་ཡོད། གླུ་བྲོ་ཕུལ་དུ་བྱུང་། ཚོན་རིས་རྣམ་པར་བཀྲ། ཐང་ག་ངོ་མཚར་ཆེ། ས་རྫ་རྒྱུ་སྤུས་དག་པ་བཅས་ལོ་ཟླའི་འཕོ་འགྱུར་ཁྲོད་དུ་གཟི་འོད་ལམ་ལམ་འཕྲོས་ཏེ། གཟུགས་མེད་རིག་གནས་ཤུལ་བཞག་གི་མཚར་སྡུག་ཇི་སྲིད་འཚོ་བའི་བར་དུ་རྣམ་པར་བཀྲ་རུ་བཅུག།

མི་རིགས་མཉམ་འདྲེས་ཀྱི།།

བར་ཁྱམས་ཆེན་པོ་ཡིན།།

དཀར་མཛེས་ཁུལ་ནི་གསར་བརྗེའི་ཁྲག་རྒྱུན་སིམ་པའི་གནས་མཆོག་ཅིག་ཡིན་ལ། གསར་བརྗེའི་ངར་ཤུགས་འཕེལ་བའི་ཡུལ་བཟང་ཞིག་ཀྱང་ཡིན། འདི་ན་ནི་དམར་དམག་རྒྱང་སྐྱོད་སྐབས་བརྒྱུད་ཡུལ་ཆེས་རྒྱ་ཆེ་ཞིང་སྡོད་ཡུན་ཆེས་རིང་ལ། འཚོ་གནས་ཀྱི་ཁོར་ཡུག་ཆེས་དཀའ་ཚེགས་ཆེ་བའི་ས་ཆའི་གྲས་ཤིག་ཡིན། འཁྱགས་ཀླུང་གྲོག་རོང་དང་གངས་རི་འདམ་ར། ནགས་ཚལ་རྩྭ་ཐང་སོགས་གང་ས་གང་དུ་གསར་བརྗེའི་མེ་སོན་གནས་ཡོད་ལ། ས་ལག་མཐིལ་ཙམ་ཡན་ཆད་ལ་མི་བརྒྱ་སེམས་གཅིག་གི་གསར་བརྗེའི་སྙིང་སྟོབས་ཀྱིས་ཕྱུག་ཡོད། ལྕགས་ཟམ་ཟམ་པ་འཕྲོག་པ་ལས་སྒྱོགས་མེ་དང་དྲག་རྒྱུན་ཁྲོད་དུ་རྣམ་པར་རྒྱལ་བའི་འགྲོ་ལམ་བཏོད་ཅིང་། དཀར་མཛེས་དམག་འཛོམས་ཆེན་པོ་ལས་བྱང་བསྐྱོད་འཇར་པན་མཉག་འགོག་གི་སྟོབས་ཤུགས་བསྐྱེད། སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐུའི་བར་གྱི་མཛའ་བརྩེ་གཏམ་རྒྱུད་རྒྱ་ཁྱབ་ཏུ་དར་ནས་དམངས་དམག་བར་གྱི་མཛའ་མཐུན་ཟབ་ཏུ་ཕྱིན། དམར་དམག་གི་རྨས་མ་ལྟ་སྐྱོང་དང་ལམ་ཁྲིད་ཐུང་སི་བྱེད་པ། འབྲུ་རིགས་དང་འབུད་ཤིང་གསོག་པ་སོགས་དཀར་མཛེས་ཁུལ་གྱི་མི་དམངས་ཚོས་དམར་དམག་དང་སྐྱིད་སྡུག་མཉམ་དུ་མྱོང་ཡོད། མའོ་ཀྲུའུ་ཞི་ཡིས་རྒྱལ་མོ་རྔུལ་ཟམ་འཕྲེད་དུ་བསྲིངས་ཤིང་ལྕགས་ཐག་ལྷག་པར་གྲང་ཞེས་པའི་སྙག་ངག་ཉམས་མེད་བརྩམས་གནང་ཞིང་། ཁྲོན་ནུབ་མཐོ་སྒང་གི་གསར་བརྗེར་རྒྱབ་སྐྱོར་ནི“ནོར་གནག་གསར་བརྗེ”ཡིན་ཞེས་བསྔགས་བརྗོད་ཀྱང་གནང་། ཏེང་ཞའོ་ཕིང་གིས་ཀྱང་དཀར་མཛེས་ཁུལ་གྱིས་དམར་དམག་གནས་ཐབས་ལ་འགན་འཁྲི་ཆེས་ཆེན་པོ་ཁུར་ཡོད་ཅེས་པའི་བསྟོད་ཚིག་ཕུལ། དེ་ནས་བཟུང་། གསར་བརྗེ་དང་དད་པ། གཟི་བརྗིད་དང་ལས་འགན། གནས་འདིར་སྐྱེས་ཤིང་འཚར་ནས་ཁྲག་དང་རུས་གསེང་དུ་ཐིམ།

མེས་རྒྱལ་སྐམ་སའི་ས་ཆ་མཐའ་མ་བཅིངས་འགྲོལ་གཏོང་ཆེད། བོད་དུ་བསྐྱོད་པའི་རང་བྱུང་འོབས་ཆེན་བདེ་ལམ་དུ་བསྒྱུར། འབུམ་ཤོག་བཅོ་བརྒྱད་པའི་དཔའ་བོ་ཚོས་དཀར་མཛེས་རྫོང་དུ་དམར་དམག་གི་ས་ཕུག་ཁྱུ་ཚོགས་གཞི་ཁྱོན་ཆེས་ཆེ་བ་བཞག་པ་དང་། སེར་ཤུལ་རྫོང་དུ་དཔའ་ཉམས་རྔམ་བརྗིད་ཆེ་བའི་སྒོ་ནས་འབྲི་ཆུ་བརྒལ་ཡོད་ལ། རི་ཆེན་འཕྲེད་རྒྱུག་ཏུ་ཁྲོན་བོད་གཞུང་ལམ་ཉེན་ཁ་ཆེས་ཆེ་ཞིང་བརྗིད་ཆགས་ཁོད་ཡངས་པ་བཟོས་ཡོད། འུ་ལག་རི་བོ་ནས་རྒྱུ་ལ། དེ་ནས་ཁྲོ་ལ་བཅས་ཀྱི་བར། དཔོན་དམག་ཁྲི་སྟོང་མང་པོས་གངས་རི་དང་འབྲོག་སྟོང་བརྒལ་ཅིང་། ཆུ་བོ་དྲག་པོ་འཕྲེད་དུ་བཅད་དེ་གནམ་སའི་བར་དུ་ཟུངས་ཁྲག་དྲོན་མོ་གཏོར་ནས་གངས་འཁྱག་ལོ་བརྒྱ་ལོན་པ་བཞུས། ཁྲོན་བོད་གཞུང་ལམ་སྐྲུན་པར་རྒྱབ་སྐྱོར་བྱ་ཆེད། དཀར་མཛེས་ཁུལ་གྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་དུས་ཡུན་ལོ་ལྔའི་རིང་ལ་ལེ་དབར་སྟོང་ལྡན་གྱི་སྐྱེལ་འདྲེན་ལམ་བུར་དམག་དཔུང་ལ་དངོས་ཟོག་སྐྱེལ་རོགས་བྱས་ཡོད། རྒྱ་བོད་ཁྱིམ་ཚང་གཅིག་ལྟར་བརྩེ་ཞིང་དམངས་དམག་སེམས་པ་གཅིག་ཏུ་མཐུན་པའི་སྒོ་ནས“ལམ་གཉིས”ཀྱི་སྙིང་སྟོབས་རླབས་པོ་ཆེ་མཉམ་དུ་བསྐྲུན་ཏེ། གནམ་ལ་འཐབ་ཅིང་ས་ལ་འཛིང་བའི་གངས་ཅན་གྱི་གླུ་དབྱངས་རིང་མོ་ཞིག་བརྩམས་ཡོད།

ཤིང་རྐང་གཅིག་ནས་འགྲོ་དཀའ་ཞིང་།།

ཆུ་ཐིགས་བསགས་པས་རྒྱ་མཚོ་ཆགས།།

ཤེས་དཔལ་ནི་སྒོ་འབྱེད་ཀྱི་ཁྲོད་དུ་འཕེལ་ཞིང་རྒྱས་ལ་མི་རིགས་ནི་མཉམ་འདྲེས་ཁྲོད་དུ་མཉམ་གནས་བྱུང་། མི་རིགས་ལས་དོན་དོན་དུ་མ་གཉེར་ན་སྤྱི་ཡོངས་དོན་དུ་གཉེར་མི་ཐུབ། དམར་དམག་གིས་དཀར་མཛེས་ལ་བོད་པ་སྲིད་གཞུང་བཙུགས་ནས་མི་རིགས་ས་ཁོངས་རང་སྐྱོང་གི་རྣམ་པ་ཐོག་མར་ཆགས་པ་དང་། སྤྱི་ལོ1950ལོའི་ཟླ་བ11པར་དཀར་མཛེས་ཁུལ་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ཁུལ་ཐོག་མར་གྱུར།ད་ལྟ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བཙུགས་ནས་ལམ་ལྷོང་བྱུང་ཡོད། སེམས་པ་སེ་འབྲུ་བཞིན་མཐུན་ན།། གཅིག་རམ་གཅིག་འདེགས་རྒྱང་དུ་སྐྱོད།། དཀར་མཛེས་ཁུལ་མི་རིགས་མཐུན་སྒྲིལ་གྱི་གྲུབ་འབྲས་ནི་མི་རིགས་ཁག་གིས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོར་སྤུན་ཟླ་བརྩེ་སྐྱོང་དང་ལྟ་སྲུང་རོགས་རེས་བྱེད་པའི་དངོས་བྲིས་ངོ་མ་ཡིན་ཞིང་། མཐུན་སྒྲིལ་གྱི་དད་མོས་དཔྱིད་ཀྱི་གྲུ་ཆར་བཞིན་དཀར་མཛེས་ཁུལ་གྱི་མི་ཚང་མའི་སེམས་ཀྱི་ཞིང་སར་འཇོ་ནས་རེ་བ་གསར་པ་སྨིན་ནོ།།

སྔོ་ལྗང་གཞི་རུ་བཏིང་།། ལེའུ་གསར་པ་བརྩམས།། མིའི་རིག་བླ་སྲོག་ཏུ་བརྩིས།། རི་ཆུ་གཟུགས་སུ་གྲུབ།།

ཡུལ་ལྗོངས་ལྟ་ན་སྡུག་པའི་དཀར་མཛེས་ཁུལ་ནི་རི་སྔོ་ཆུ་དྭངས་ཀྱི་རི་མོ་མཚར་སྡུག་བཀྲ་བ་ཞིག་སྟེ། གནས་འདིར“རི་ཆེན་འཕྲེད་རྒྱུག”གིས་གཞི་མདོག་བྱས་ཤིང་། གཙང་པོ་ལོ་ཁྲིར་བཞུར་བས་མས་ཐེམ་དང་གངས་འཁྱག་ལོ་སྟོང་ལོན་པས་ཡས་ཐེམ་དུ་བྱས་ནས། རང་བྱུང་གིས་བསྩལ་བའི་དཀར་སངས་དང་མཐོན་མཐིང་འགྲོ་བ་མིའི་མིག་ལམ་དུ་བསྟར། རིའི་རྒྱལ་པོ་དང་འབྲི་ཆུའི་ཡང་རྩེ་ཞེས་གྲགས་པའི་རི་བོ་གངས་དཀར་ལྷུན་ཆགས་པོ་དང་། ཤམ་བྷ་ལའི་རྣམ་ཤེས་ཞེས་འབོད་པའི་འདབ་པའི་ཉི་སྟེན་མཛེས་སྡུག་རྣམ་པར་བཀྲ་བ། རི་ཆུ་མཉམ་དུ་འདྲེས་པའི་འོད་གཟུགས་ཀྱི་འཇིག་རྟེན་ཞེས་བསྟོད་པའི་མི་ཉག་ར་རྔ་ཁ། ལྷ་འདྲེའི་ཆོ་འཕྲུལ་ལས་གྲུབ་འདྲའི་བྱེས་ཡུལ་གོ་ལ་ཞེས་བཏགས་པའི་གསེག་རི་གླིང་ག་སོགས་ལས་དཀར་མཛེས་ཁུལ་གྱི་ཁྱད་དུ་འཕགས་པའི་མཛེས་སྡུག་མངོན་བཞིན་ཡོད་ལ། དེ་ཚོས་གངས་རི་འཁྱགས་ཀླུང་རུས་སུ་བྱས། གཙང་པོ་མཚེའུ་རྩ་རུ་བྱས། ནགས་རི་རྩྭ་ཐང་པགས་སུ་བྱས་ཏེ། མཛེས་ལྗོངས་ལམ་ཆེན་དུ་གྲགས་པའི་རྒྱལ་ལམ318པ་དང་མཐོ་སྒང་དར་ལམ་རིག་གནས་དར་ཁྱམས་སུ་འབོད་པའི་རྒྱལ་ལམ317པ་ཕྲེང་རྡོག་བཞིན་བརྒྱུས་ཏེ་བསྟར་ལ་སྦྲེལ།

རི་བོ་ཁྲི་ཡིས་མཛེས་སྡུག་ངོམ།།

གཙང་པོ་སྟོང་ཕྲག་དྲག་ཏུ་འབབ།།

དཀར་མཛེས་ཁུལ་གྱིས་བརྩོན་ཤུགས་འགྲུས་སྟོབས་ཉིན་གསོག་ཟླ་སྒྲིམ་བྱས་ཏེ། རི་སྔོ་ཆུ་དྭངས་ཀྱི་རི་མོའི་ཁྲོད་དུ“གསེར་རི་དངུལ་རིར”སླེབས་པའི་འགྲོ་ལམ་བདེ་བླག་ངང་རྙེད་དེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གདིང་ཤུགས་དང་རྗེས་ཤུགས་བསྩལ། དཀར་མཛེས་ཁུལ་གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅང་བས་གཙོ་ཕྱོགས་སུ་བྱེད་པ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་གསར་དུ་འཛུགས་གང་ཐུབ་བྱེད་ཅིང་། སྐྱེ་ཁམས་རིག་གནས་ཡུལ་སྐོར་དང་མཐོ་སྒང་གི་ཁྱད་ཆོས་ཞིང་འབྲོག་ལས། ནུས་ཁུངས་གཙང་མ་བཅས“དོན་ཆེན་གསུམ” ལ་སྤྱི་འདོམས་གང་ལེགས་བྱེད་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་ཤིང་། ཚན་རིག་དང་མཐུན་པའི་སྒོ་ནས་གནོད་རྗེས་བསྐྱར་འཛུགས་ལ་སྐུལ་བཞིན་ཡོད། ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་བྱམས་སྐྱོང་ཐོབ་པས་ངར་ཤུགས་སྐྱེད། དྲིན་ལན་གཟོ་བ་སྟོབས་སུ་བསྒྱུར། གཉེར་གདམས་ཟབ་མོ་མཐོང་ཆོས་སུ་བསྒྱུར་ཏེ། འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་གང་ཐུབ་དང་། གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཡོང་བ། མཉམ་དུ་ཕྱུག་འབྱོར་ཡོང་བར་སྐུལ་བཞིན་ཡོད།

གནས་མཆོག་དཀར་མཛེས་ཁུལ།།

མེས་ཡུལ་མཆོག་ཏུ་མཛེས།།

འདི་ན་སྣ་མང་མཉམ་དུ་འདྲེས་པའི་རིག་གནས་ཀྱི་མཛེས་ཉམས་ཡོད། འདི་ན་གསར་བརྗེའི་རྗེས་ཤུལ་མངོན་པའི་ལོ་རྒྱུས་ཀྱི་མཛེས་ཉམས་ཡོད། འདི་ན་རི་བོ་སྔོ་ལ་ཆུ་མོ་དྭངས་པའི་སྐྱེ་ཁམས་ཀྱི་མཛེས་ཉམས་ཡོད། འདི་ན་མཐུན་སྒྲིལ་དང་འཆམ་ཞིང་མཐུན་པའི་འབད་འཐབ་ཀྱི་མཛེས་ཉམས་ཡོད། ལོ་ཟླའི་གཞས་གདངས་རེ་རེ་ནི་འབད་འཐབ་ཀྱི་ལེའུ་ཡིན་ཞིང་། ལོ་རྒྱུས་ཀྱི་ཤོག་ལྷེ་རེ་རེ་ནི་གྲུབ་འབྲས་ཀྱི་སྤྲོ་སྣང་ཡིན། འདས་པའི་དཀར་མཛེས་ཁུལ་གྱིས་རི་ཆེན་འཕྲེད་རྒྱུག་ས་ཁུལ་གྱི་མི་རིགས་མཉམ་འདྲེས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བྲིས་ཡོད། ད་ལྟའི་དཀར་མཛེས་ཁུལ་གྱིས་ཁྲོན་ནུབ་མཐོ་སྒང་འབྱུང་འགྱུར་ལ་ཕྱོགས་ཤིང་དབུགས་རྒྱུན་ནམ་ཡང་མི་ཉམས་པའི་བརྒྱུད་འཛིན་གྱི་ལེའུ་འབྲི་བཞིན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་བའི་རྒྱང་སྐྱོད་བརྗིད་རླབས་ཆེ་བའི་ཁྲོད་དཀར་མཛེས་ཁུལ་གྱི་གྲུ་ཆེན་བསྐྱོད་འགོ་བཙུགས་སོ།།

( སྐལ་བཟང་ཐུབ་བསྟན་གྱིས་བསྒྱུར།)