国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྐྱེ་བ་ཕྱི་མར་ངས་ཁྱོད་ལ་ལྡབ་འགྱུར་ གྱིས་བཟོད་གསོལ་ཞུ་ཆོག།

ལྷ་མོ་ཁྱོད་དང་གཏན་ཏུ་གྱེས་རྗེས། གློ་རྡེག་ཏུ་སྒོ་ལག་རྡུང་ཡོང་མཁན་དེ་དག་ཁྱོད་ཀྱིས་སུ་ཞིག་ཡིན་ནམ་སྙམ་ཨེ་བྱུང་། ལྷ་མོ་ཨེ་ཡིན་བསམས་ནས་སྟོང་འདང་བརྒྱབ་ཨེ་མྱོང་། ངས་བསམ་ན་ཁྱོད་ཀྱིས་ཐེངས་མང་པོར་ཁེར་རྐྱང་གི་འཚོ་བའི་བར་དང་། མཚན་གྱི་རྨི་ལམ་སོགས་ནས་ཀྱང་། མོ་རང་གློ་རྡེག་ཏུ་ཁྱོད་ཀྱི་ཟུར་ལ་བསླེབ་ཡོང་བར་སྟོང་འདང་བརྒྱབ་ཡོད་སྲིད། ངང་སྒུག་དེ་ནི་བཤད་མི་ཚར་བའི་རྟོགས་སྒྲུང་རིང་མོ་ཞིག་རེད་ཨང་། དེ་ཡིས་འབྲེལ་མེད་ཀྱི་གཞན་སེམས་ཞིག་ནའང་སྐྱོ་བ་རྨང་ནང་བསླངས་སོང་།

ལྷ་མོས་ཁྱོད་ཀྱི་ཐོས་འཛིན་གྱི་བུ་གར“ང་རང་གྱུར་སོང”ཞེས་པའི་སྐད་ཆ་ཞིག་སུན་སྣང་དང་འདྲེས་མར་བཤད་རྗེས། གཏན་ཏུ་ཁྱོད་དང་གྱེས་ཏེ་རྨི་ལམ་གཞན་ཞིག་འཚོལ་དུ་ཕྱིན་སོང་། དུས་དེ་ནས་བཟུང་། མཚན་མོའི་ལྷིང་འཇགས་ཀྱི་བར་གསེང་ནས་ཁྱོད་ཀྱི་སྒོ་ཁང་ལ་ལག་པས་དལ་གྱིས་རྡུང་བའི་ཐག་སྒྲ་དེ་ཡང་གཞི་ནས་ཆད་སོང་ངམ། ཁྱོད་ཀྱིས་མཚན་མོ་རེ་རེར་ཐག་སྒྲ་དེར་ངང་སྒུག་ཅི་ཙམ་བྱས་པ་ཡིན། ད་ལྟ་ཁྱོད་ཀྱི་ཐོས་འཛིན་གྱི་བུ་གར། ཐག་སྒྲ་དེ་ཐོས་སྙིང་བྲོ་བའི་ཞེན་ཆགས་ཕྲ་མོ་ཞིག་མ་ཡལ་བར་ད་དུང་ཡང་ལྷག་འདུག་གམ། གཅིག་བྱས་ན་ད་ལྟ་ཁྱོད་རང་འདས་སོང་གི་བྱུང་རིམ་མཐའ་དག་རྨང་ནས་བརྗེད་དེ། དགའ་རོགས་གསར་པ་ཞིག་དང་མཉམ་དུ་བདེ་སྐྱིད་ཀྱི་དཔལ་ལ་རོལ་བཞིན་ཡོད་ཀྱང་སྲིད། འོན་ཀྱང་ལྷ་མོས་ཁྱོད་ཀྱི་བརྩེ་དུང་ལ་ཁྲེལ་མེད་ཀྱིས་རྡོག་རྫིས་བཏང་བ་དང་། ཁྱེད་གཉིས་མཉམ་དུ་རྩྭ་ཐང་ལ་ཕུགས་བསམ་གྱི་གཤོག་པ་འཚོལ་དུ་སོང་བ་དེ་དག་ཁྱོད་ཀྱིས་བརྗེད་མི་སྲིད་དེ། དེ་ནི་ཁྱོད་ཀྱི་མི་ཚེའི་ཆ་ཤས་སུ་གྱུར་ཡོད་པས་བརྗེད་ཐབས་ཅིའི་ཕྱིར་ཡོད་ཨང་།

ལྷ་མོ་ཁྱོད་ལ་དགའ་མ་མྱོང་ཟེར། འོན་ཀྱང་ཁྱེད་གཉིས་དགའ་རོགས་བསྒྲིགས་ནས་ལོ་ཟླ་མང་པོ་སོང་ཟིན། ལྷ་མོས་ཁྱེད་རང་ལ་བདེ་མོ་བཞག་རྗེས། ངའི་འཇིག་རྟེན་ལ་ཐོན་བྱུང་། ང་ནི་མོས་མི་ཚེའི་ནང་གི་བརྩེ་རོགས་གཅིག་པུ་དེ་ཡིན་པས་གཏན་ཏུ་ཁྲེལ་མེད་ཀྱི་བྱ་སྤྱོད་བྱས་ན་མི་འདོད་ཟེར། ངས་ཀྱང་མོའི་བརྩེ་དུང་དེ་དང་ལེན་བྱས་ཤིང་ངེད་གཉིས་དགའ་རོགས་ལ་གྱུར་སོང་། དུས་དེ་ནས་བཟུང་ང་ལྷ་མོའི་ཡོད་ཚད་ལ་དགའ་པོ་བྱུང་སོང་། ལྷ་མོས་ང་ལ་ལྟ་བའི་བཟོ་ལྟ་ནི་ཤིན་ཏུ་མཛེས། དེ་ནི་ཚང་ལ་ལོག་པར་བརྩམས་པའི་དམར་ལམ་ལམ་གྱི་མཚམས་སྤྲིན་ཞིག་དང་མཚུངས། ངའི་སེམས་ཁམས་ཀྱི་སྟོང་ཆ་གཞན་ཞིག་ཏུ་མཛེས་སྡུག་གི་འོད་སྣང་བསྩལ་བྱུང་།

ངས་ཀྱང་ཡོད་ཚད་ནས་ཡོད་ཚད་དོར་ཏེ་མོ་རང་བདམས་པ་ཡིན། ལྷ་མོ་ངའི་སྙིང་ཐུབ་ལ་བདམས་པའི་དུས་དེ་ནས་བཟུང་། ངས་གཞན་གྱི་བརྩེ་དུང་ལ་འགྲམ་ཆུ་ལྡང་མྱོང་མེད་ལ། ངེད་གཉིས་འདུ་འཛོམས་ཀྱི་དུས་ཚོད་ཅི་མཆིས་དག་ངས་ནམ་ཡང་བསོད་ནམས་ཀྱི་ཕུང་པོ་ཞིག་ལ་བཟུང་ཡོད། ད་ལྟ་ངེད་གཉིས་ཀྱི་བརྩེ་བའང་ཤིན་ཏུ་ཟབ། ནམ་ཞིག་སོ་སོ་ལ་བཀར་ནས་འགྲོ་བའི་དུས་སྐབས་ཤིག་ཡོད་པའང་ངས་ཡིད་ལ་འཁོར་མྱོང་མེད། དེ་ནི་ད་ལྟ་ངེད་གཉིས་ཀྱི་བརྩེ་དུང་གི་འབྲེལ་ལམ་བཟང་སྟབས་སེམས་ཚོར་དེ་འདྲ་ཞིག་མེད་པ་ཡིན་ཡང་སྲིད།

འོན་ཀྱང་། ང་ལ་ནམ་རྒྱུན་འགྲེལ་བཤད་རྒྱག་མི་ཐུབ་པའི་ཚོར་སྣང་ཟབ་མོ་ཞིག་གིས་འཚེ་བྱུང་། དེ་ནི་ལྷ་མོས་ཁྱེད་རང་བསྐྱུར་ནས་བུད་སོང་བ་དེ་རེད། དགའ་རོགས་ཀྱིས་བསྐྱུར་བའི་ཚོར་བ་དེ་ནི་ངས་བསམས་ན་ཤིན་ཏུ་བཟོད་པར་དགའ་བ་ཞིག་ཡིན་ནམ་སྙམ། ང་ལ་དེའི་ཕྱོགས་ཀྱི་མྱོང་བ་མེད་ན་ཡང་ངས་ཇི་བཞིན་ཚོར་ཐུབ་ཀྱིན་འདུག། ངས་ཁྱོད་ལ་གནོད་པ་བྱེད་འདོད་ཀྱི་འདུན་པ་མེད་པ་དོན་དངོས་ཡིན་ཡང་། ལས་དབང་གི་རྐྱེན་གྱིས་ཁྱོད་ལ་བསམ་བཞིན་དུ་བྱས་པ་མ་ཡིན་པའི་གནོད་པ་བྱས་སོང་། ང་ཡི་རྐྱེན་གྱིས་ཁྱོད་ཀྱི་ནང་སེམས་ཀྱི་འཇིག་རྟེན་ཧྲིལ་པོར་ཁེར་རྐྱང་གི་ཁ་བ་འབབ་ཏུ་བཅུག་སོང་། གྲོགས་པོ་ལགས། ངས་ཁྱེད་ལ། ང་རང་ལ་གུ་ཡངས་གནང་རོགས་ཟེར་ནས་རེ་ཞུ་བྱེད་མི་སྲིད་ལ། ཁྱོད་ཀྱིས་ང་ལ་གུ་ཡངས་གནང་བ་ཙམ་གྱིས་ཁྱོད་ཀྱི་ཁེར་རྐྱང་གི་གདུང་བ་དེ་ཡང་ངང་གིས་སེལ་མི་འགྲོ་བ་ངས་སྔོན་ནས་ཤེས་ཡོད། ངས་ཁྱོད་ལ་བཟོད་གསོལ་ཞིག་ཆད་ཡོད། བཟོད་གསོལ་དེ་སྐྱེ་བ་ཕྱི་མར་འཇལ་ན་ཆོག་གམ། སྐྱེ་བ་འདིར་ལྷ་མོ་དང་ངེད་གཉིས་ལྷིང་འཇགས་ཀྱི་འཚོ་བ་ཞིག་རོལ་སྙིང་བྲོ་སོང་། སྐྱེ་བ་ཕྱི་མར་ངས་ཁྱོད་ལ་ལྡབ་འགྱུར་གྱིས་བཟོད་གསོལ་ཞུ་ཡང་ཆོག་གོ། །

༼ ཚོར་སྦྲང་། ༽