ཞི་ཅིན་ཕིང་གིས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་ནས་ནན་གསུང་གནང་དོན།
དུས་རབས་གསར་པའི་བསམ་བློ་ཆབ་སྲིད་སློབ་གསོའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ་ཏང་བློ་བདེ་བ་དང་། རྒྱལ་གཅེས་ལེགས་སྐྱེས་འབུལ་བ། མི་རིགས་བསྐྱར་དར་གྱི་འགན་ལྕི་འཁུར་ཕོད་པའི་དུས་རབས་ཀྱི་མི་གསར་དེ་བས་
མང་བ་གསོ་སྐྱོང་ཧུར་ཐག་བྱ་དགོས།
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ5པའི་ཚེས11ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་སྟེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་དེ་སློབ་གསོའི་ལས་དོན་གྱི་གལ་ཆེའི་གནས་བབ་ཏུ་འཇོག་རྒྱུ་མཐའ་འཁྱོངས་པར་མ་ཟད། ཏང་གིས་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ལ་འགོ་ཁྲིད་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་བརྒྱབ་པར་བརྟེན་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སྤྱི་ཚོགས་རིང་ལུགས་སློབ་གཉེར་གྱི་ཁ་ཕྱོགས་དེ་བས་མངོན་གསལ་དོད་པ་དང་། བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་གྱིས་སློབ་ཁྲིད་བྱེད་དགའ་བ་དང་། སློབ་ཁྲིད་བྱེད་མཁས་པ། མི་སྣ་སྐྱོང་བའི་གདེང་ཚོད་དང་གདེང་སྤོབས་དེ་བས་ཆེ་རུ་ཕྱིན་པ་བཅས་དང་། རྒྱ་ཆེའི་གཞོན་ནུ་ལོ་ཆུང་སློབ་མའི“གདེང་ཚོད་བཞི”མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་བསམ་པའི་ཉམས་འགྱུར་དེ་བས་དཔའ་ངར་ཆེར་སྐྱེད་ལྡན་པ། བསམ་བློ་ཆབ་སྲིད་སློབ་ཚན་གྱི་འཕེལ་རྒྱས་ཁོར་ཡུག་དང་ཁོར་ཡུག་ཧྲིལ་པོའི་སྤྱི་ཡོངས་རང་བཞིན་དང་རྩ་བའི་རང་བཞིན་ལ་འགྱུར་ལྡོག་བྱུང་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ཐད་དུས་བབ་གསར་པ་དང་ལས་འགན་གསར་པ་འཕྲད་ཡོད་པས། ངེས་པར་དུ་རྣམ་པ་གསར་པ་ལྡན་ལ་བྱས་རྗེས་གསར་པ་འཇོག་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར། མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་འཛུགས་སྐྱོང་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པར་མཉམ་དུ་སྐུལ་འདེད་གཏོང་བ་མཐའ་འཁྱོངས།དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ལྟེ་བའི་ནང་དོན་དུ་བྱེད་པའི་སློབ་ཚན་བསླབ་གཞིའི་མ་ལག་འཛུགས་པ་བཅས་བྱས་ཏེ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏང་དགོས། ( པར་ངོས་གཉིས་པར་གཟིགས།)