国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔྱིད་དཔལ།

དཔྱིད་དཔལ་ལགས།

ཁྱོད་རང་།

དྲོད་འཇམ་གྱི་རླུང་བུ་ཞིག་ཁྱེར་ནས་ཡོང་འཆར་མ་ཡིན་ནམ།

ཅིའི་ཕྱིར་ངའི་ལག་པ་ད་དུང་གྲང་འཁྱག་གིས་བཟུང་བ་རེད།

ཡང་ན་ཁྱོད་ཀྱིས།

ལང་ཚོའི་མཆོད་པ་བཤམས་ནས།

སྔོ་བསངས་ཀྱི་ནམ་མཁར་དགུ་ཚིགས་ཀྱི་ཁ་བཏགས་ཤིག་འཐེན་ནས།

ལྗང་མྱུག་གི་ལོ་མ་མཐའ་དག་ཡལ་གར་བཏགས་ཤིང་།

རྩྭ་ཐང་གི་ཕང་བར་ནེའུ་ལྗང་གི་གདན་ཆས་བརྡལ་ཏེ།

གཞན་གསོས་བུ་མོ་དང་ལྷན་དུ་ཡུལ་ལྗོངས་འདིར།

དགྱེས་འཛོམས་ཀྱི་མཛའ་གཞས་གཏང་དགོས་པས།

ཁྱོད་རང་ད་དུང་ཁ་བ་དང་བུ་ཡུག་གི་ཁྲོད་དུ་གཟིམས་པ་གང་ལགས།

དཔྱིད་ཀྱི་དཔལ་མོ་ཨ།

འཁྱག་རོམ་ཞུ་རྗེས་སུ། ཁྱོད་ཀྱིས།

བྱམས་བརྩེ་ཡིས་བྲན་པའི་འཇམ་མཉེན་གྱི་ལག་ཟུང་དེས།

རི་ཀླུང་དག་བྱིལ་བྱིལ་གཏོང་བཞིན་ཡོང་ཆད་མིན་ནམ།

ཅིའི་ཕྱིར།

ངའི་མགོ་བོ་དང་སེམས་པ་ད་དུང་གྲང་ངར་གྱིས་གཟིར་བ་ལགས།

ངས་ཁྱོད་ལ་ལེ་བདའ་བྱེད་པ་མིན་ཏེ།

ཁ་ཆར་འདྲེས་མའི་ཉིན་མཚན་འདི་དག།

ང་ལ་ཁྱོད་ཀྱི་བརྩེ་དུང་གི་འོ་སྦྱོར་ཤིན་ཏུ་མཁོ།

ཁེར་རྐྱང་དུ་ལུས་པའི་འཚོ་བའི་སྲིབ་ངོས་འདིར།

ཁྱོད་ཀྱི་མཛའ་གཞས་དང་དྲོད་ཁོལ་དེ་ངས་གཏན་དུ་སྒུག་བཞིན་ཡོད་པས།

ཁྱོད་ཉིད་གང་དུ་ཡོད་ཨང་།

༼ གློག་འོད། ༽