དྲོད་ཉི་ཟེར་རྡུལ་གྱི་འོད་སྟོང་གིས། །
ཆུ་ཆབ་རོམ་ཤེལ་དཀར་དལ་འགྲོ་བྱས། །
ས་ནོར་འཛིན་གཡང་ཁྱིམ་རློན་བག་ཆགས། །
སྔོ་རྩི་ཤིང་མགོ་བོ་གཡུག་གིན་འདུག །
སྙན་གཡུ་འབྲུག་གླུ་སྐད་མཁའ་ནས་གྲགས། །
གནམ་མཚམས་སྤྲིན་བར་ནས་ཆར་ཆུ་འཐོར། །
ས་རི་ལུང་སྟེགས་བུ་སྔོ་ལྗང་ལྡེམ། །
དུས་དཔྱིད་ཟླ་བསུ་བའི་དབུ་ཁྱུད་འབྲི། །
གྲང་ལྷགས་རླུང་བསེར་བུ་རྒྱང་དུ་བསྐྱལ། །
གངས་ཁ་བའི་འདབ་མ་ཆུ་ལ་འཐིམ། །
སྤང་མེ་ཏོག་སེར་ཆེན་མགོ་བོ་གཡོ། །
དུས་དཔྱིད་ཟླ་ཚེས་བྱུང་སེམས་པ་སྤྲོ། །
མཛེས་མེ་ཏོག་འབུངས་པའི་སྐྱེད་ཚལ་དུ། །
བྱ་ཁུ་བྱུག་མོན་ནས་མགྲོན་ལ་བྲེལ། །
སེམས་ཚོར་བའི་ན་ཆུང་དགའ་མ་ལགས། །
དུས་དཔྱིད་ཟླ་ཚེས་པས་སྙིང་ལ་དྲོ། །
སྐྲ་དབུ་དཀར་དུང་གི་ཚོན་མདངས་ཅན། །
ལུས་གཉེར་མས་གང་བའི་རྒན་པོ་དེས། །
གཡང་འབྲུ་རིགས་ནོར་གྱི་ས་བོན་དེ། །
གཞི་ནོར་འཛིན་ཁྱོན་ལ་འདེབས་དུས་བསུ། །
མཛེས་ཆུ་སྐྱེས་མེ་ཏོག་པད་དཀར་གྱི། །
ལུས་ལང་ཚོའི་འདབ་མ་མཚར་སྡུག་བཞད། །
འབུ་སྦྲང་ཆུང་འཕུར་ལྡིང་གཤོག་རྩལ་བདེ། །
དུས་དཔྱིད་ཟླ་ཡག་པོ་ངོ་མཚར་ཆེ། །
༼ རང་མདངས། ༽