国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔྱིད་ཀའི་མགྱོགས་བྲིས།

ཉི་འོད་ཀྱི་བར་གསེང་སྟོང་བར་གྱུར།

རྡུལ་གྱིས་ཕྱུག་པའི་ཁ་དོག་གི་འཇིག་རྟེན་ལ་དབང་བསྒྱུར་བྱས།

སེམས་པ་སྡོད་མི་ཚུགས་པར་མགྲིན་པ་བརྣངས་རྗེས།

ངས་རང་ཉིད་ཀྱི་ལམ་ཕྱོགས་ཚོར་མི་ཐུབ་པའི་དྲན་པ་ཞིག་གིས་ཁེངས།

གློག་ཞགས་ཤིག་འཁྱུག་པའི་ཚོར་བའི་བྲང་གཞུང་ཁྲག་གིས་རློན་ཕྱིན།

མེ་ལོང་གི་ངོས་སུ་གས་ཆག་ཤོར་བ་ལྟར།

འདུ་ཤེས་ལས་བསྐྱེད་པའི་ཕུང་པོ་འདི་ནམ་མཁར་ཡར་དཔྱངས་པ་ཚོར།

ཁེར་རྐྱང་དང་ཡི་མུག་སྐྱེ་བའི་དུས་ཚོད་འདིར།

ང་ཧ་ཅང་འཚོ་བ་འདི་དང་ཁ་ཐག་གྱེས་བར་འདོད།

དེ་བས་སེམས་པ་འདི་འཁུམས་དྲགས་པའི་རྐྱེན་ཞིག་དང་མཚུངས་ཤིང་།

ང་རང་གི་ལུས་པོ་འདིར་ཞེན་པ་ལོག་རྗེས།

ངའི་གམ་གྱི་དྲི་མའི་མ་གོས་པ་དེ།

བསིལ་ངར་ལྡན་པའི་རླུང་བུ་ཞིག་དལ་བུར་འགྱུ་བཞིན་འདུག་པ་དེ་རེད།

ལྷིང་འཇགས་ངང་རོལ་དབྱངས་ཤིག་གི་སྣེ་ལ་བཟུང་ནས།

རང་གཅིག་པུར་རྨི་ལམ་ཐན་ཐུན་མྱོང་བར་བྱས།

སྒེའུ་ཁུང་ལས་བྱེའུ་ཞིག་གི་སྐད་སྒྲ་ཐོས་ཡོང་།

དེ་ནི་དགུན་ནས་དཔྱིད་དང་།

དཔྱིད་ནས་དབྱར་དུ་སྦྲེལ་བའི་འོད་ཟེར་ནག་པོ་ཞིག་ཏུ་གྱུར་ཡོད།

༼ རྒྱ་ཚང་སྨོན་ལམ། ༽