སྡེ་ཆེན་སྡེ་འདབས་བརྒྱུད་དུས།།
གྲིབ་ཆེན་རི་ནས་ཡལ་ཐལ།།
འདང་ཆེན་ཕ་མ་བསྐྱུར་ཏེ།།
ལམ་ཆེན་དེད་ནས་འགྲོ་རན།།
དཔྱིད་ཀ་སླེབས་དུས།དགུན་ཟླ་གཉིས་ལྷག་ཕར་ལ་བསྐྱལ་ཏེ།དཔེ་ཁུག་དང་གསང་སྒམ་ཁྱེར་ནས་ལམ་ལ་ཆས་རན་དུས།ཨ་ཕས་ཁ་ཏ་གྱ་ནོམ་པ་ཞིག་གི་ལམ་གྲོ་བརྫངས་སྲིད་ལ།ཨ་མའི་མིག་ཆུ་དང་འཁྲེང་ཞེན་གྱི་སྐྱོ་སྣང་རུམ་གང་སྟེར་ངེས་ཡིན།ངས་ཀྱང་ཕ་མའི་རྔུལ་ཁྲག་ལས་བྱུང་བའི་དངུལ་སྒོར་ཨམ་ཕྲག་ཏུ་བདམས་ནས་ལམ་ལ་བུད།རླངས་འཁོར་དུ་འདུག་དུས་མིག་མཐའ་བརླན་པར་གྱུར་དུས་ཡིན།
དཔྱིད་ཀ་སླེབས་དུས།ཁུ་བྱུག་གི་གསུང་སྐད་དང་ལྷན་དུ་དཔེ་ཀློག་གི་དབྱངས་རྟ་སློབ་གླིང་ལ་ཁྱབ་དུས།ཨ་ཕས་ཁ་པར་ལས་ཁུག་དམར་གྱི་གནངས་སྦྱིན་རྒྱུན་མི་ཆད་ཀྱང་།ཨ་མའི་སྐད་ཆ་ཚིག་གཅིག་ཀྱང་ཐོས་རྒྱུ་མེད་པས་དྲན་གདུང་ལྷག་མ་ཞིག་བསྩལ་དུས་ཡིན།།
དཔྱིད་ཀ་སླེབས་དུས།ཆར་ཆུ་ཆེ་བས་ཨ་ཕའི་ཁ་ལད་པའི་བོད་ལྭ་སྨུག་ནག་ཏེ་བརླན་ཡོད་པར་འདོད་ཀྱང་།ཨ་མའི་ལྕི་དྲི་བཙན་པའི་རྐང་ལྷམ་ཡང་བརླན་ནས་ཆུ་འཛགས་གྱིན་ཡོད་པར་དོགས་ཀྱང་།དབྱར་རྩྭའི་ཆེད་དུ་འབད་དུ་མི་འཇོག་ཀ་མེད་ཡིན་པས།སེམས་ནད་གཞན་ཞིག་གི་ཁུར་བོ་ཁུར་དུས་ཡིན།།
དཔྱིད་ཀ་སླེབས་དུས་་་་་་
༼ དབང་སྟོབས། ༽