国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མི་སྤྱིར་བཏང་བ་ཞིག་གིས་སྤྱིར་བཏང་མིན་པའི་བྱ་བ་བསྒྲུབས།

དྲྭ་གྲགས་བློ་བཟང་གི་གནས་ཚུལ་རགས་བཀོད།

བློ་བཟང་དང་ཁོའི་བུ་མོ།

བློ་བཟང་གིས་ཞིང་ཞོར་ཐོན་རྫས་འཚོང་བཞིན་པ།

བློ་བཟང་གིས་ཞིང་པར་རོགས་བྱས་ནས་འབབ་འཕར་བྱུང་།

ལས་སྒོ་གཏོད་པའི་འགྲན་ཆེན་ནང་བྱ་དགའ་ཐོབ།

བློ་བཟང་གིས་ཤ་མོ་འཚོང་བཞིན་པ།

བློ་བཟང་ལ་མི་ཚེའི་མདུན་ལམ་ཁྲོད་དུ་གདམ་ག་མང་དུ་འཁོར་ཡང་། ལས་དབང་གི་དཀྱོགས་མཚམས་དེ་ནས་ཁོ་རང་ཕ་ཡུལ་དུ་འདུག་རྒྱུར་ཐག་གིས་བཅད། དེ་ནི་ཁོས་འཁྱུག་དབྱིངས་ནང་དུ་བཀོད་པའི་མིང་རྟགས་ནང་བཞིན་སྟེ། ཕྱི་རོལ་ཏུ་སོང་ནས་གླ་རྒྱག་འདོད་པའི་བསམ་ཚུལ་མང་དུ་འཁོར་ཡང་། བུ་མོ་སྒྲོལ་མས་ཨ་ཕར་འབོད་པའི་སྐད་སྒྲ་དེས་བསམ་ཚུལ་དེ་དག་ཡེ་ནས་མེད་པར་གྱུར་སོང་།

ད་སྐབས། དྲྭ་རྒྱ་ཡོངས་ལ་ཞེན་མི་ཁྲི400ལྷག་ཡོད་པའི་བློ་བཟང་ལས་མི་གླ་པ་ནས་ཡུལ་སྡེ་སྲུང་སྐྱོབ་པ་ཞིག་ཏུ་གྱུར་ཟིན། འདི་ནི་ཁོས་ཉིན་ཞག་ཆིག་སྟོང་ལྷག་རིང་གི་དཀའ་ངལ་གྱི་འབྲས་བུ་ཡིན་ལ་འགྱུར་ལྡོག་ཆེ་བའི་མི་ཚེར་ཉམས་ལེན་དང་རང་ཉིད་འཚོལ་བའི་བརྒྱུད་རིམ་ཞིག་ཀྱང་ལོས་ཡིན།

ངས་སྤྱིར་བཏང་མིན་པའི་བྱ་བ་སྒྲུབ་ཐུབ།

དང་ཐོག་བརྙན་ཐུང་སྟེགས་བུ་ནས་སྐད་གྲགས་སོང་རྗེས་བློ་བཟང་གིས་ཡུལ་མི་ཚོར་ཇི་ལྟར་བྱས་ནས་ཡོང་འབབ་མང་དུ་གཏང་རྒྱུར་སྐུལ་ཁྲིད་བྱ་རྒྱུའི་ཐད་བསམ་གཞིག་བྱས་པ་རེད། ཁོས་ཡུལ་མི་ཚོས་དངུལ་ཕྲན་བུ་བཙལ་རྒྱུ་ལས་སླ་པོ་ཞིག་མིན་ལ་ལོ་གང་བོར་དཀའ་ལས་བརྒྱབ་ནས་ལས་ཀ་སྟབས་བདེ་ཤོས་ལ་བརྟེན་ནས་གཞི་རྩའི་འཚོ་ཇུས་རྒྱུན་སྐྱོང་བཞིན་ཡོད་པ་ཤེས། དེ་ལྟར་བློ་བཟང་གིས་རི་བོང་གསོས་ནས་ཡུལ་མི་ཚོར་འབབ་འཕར་ཡོང་བར་རོགས་རམ་བྱེད་འགོ་བརྩམས།

ལས་གཞི་བདམས་ནས་སྤྱི་གཉེར་ཁང་བཙུགས་པ་དང་། ཡུལ་མི་དང་འབྲེལ་གཏུག་བྱེད་པ་ནས་ཁས་ལེན་ཐོབ་པའི་བར་བློ་བཟང་གིས་སྤྱིར་བཏང་མིན་པའི་བྱ་བ་བསྒྲུབས་པ་རེད། རི་བོང་རང་གསོ་བྱ་གཞག་གྲོས་རིམ་དུ་བློ་བཟང་གིས་ནམ་རྒྱུན་སེམས་ཁྲལ་མ་བྱེད། ཁྱེད་ཚོས་གསོས་པའི་རི་བོང་གཅིག་གྱུར་གྱི་ཚད་གཞི་ལྟར་གསོ་སྤེལ་བྱས་ཆོག། བཤས་ཁོངས་གཏང་བའི་ཚད་གཞིར་ལོན་རྗེས་སྤྱི་གཉེར་ཁང་གིས་གཅིག་གྱུར་གྱིས་ཉོ་སྒྲུབ་ལས་སྣོན་བྱས་ཏེ་ཁེ་སྤོགས་དུས་ཐོག་ཏུ་ཁྱེད་ཚོའི་ལག་ཏུ་བསྐྱལ་རྒྱུ་རེད་ཅེས་བཤད།

རི་བོང་གསོ་བ་ལས་ལས་གཞན་མི་སྒྲུབ་པའི་དོགས་གནད་ལ་བློ་བཟང་གིས། གཅིག་ནས་རི་བོང་གི་གསོ་ཚགས་དུས་ཡུན་ཐུང་ལ་ཐོན་མཐོ་ཡོད་པས་སྒོ་ཕྱུགས་གཞན་དག་དང་བསྡུར་རྒྱུ་མེད་པ་རེད། གཉིས་ནས་རི་བོང་ཁང་འཛུགས་སྐྲུན་ཐད་མ་གནས་མཐོ་པོ་མེད་པ་རེད། གལ་ཏེ་གསོ་སྤེལ་གཞི་ཁྱོན་ཆུང་ཚེ་གྲོང་མི་དུད་ཚང་གཅིག་ལ་མ་དངུལ་སྒོར་ཁྲི5ཡི་ནང་ཚུན་དུ་ཚོད་འཛིན་བྱེད་ཐུབ། གསུམ་ནས་རི་བོང་གསོ་བ་དང་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་གཡེར་མ་ཟུང་འབྲེལ་བྱས་ནས་རི་བོང་གི་སྐམ་ཤ་སོགས་ཀྱི་ཐོན་རྫས་བཟོས་ཏེ་ཐོན་ལས་གཉིས་ཁེ་ཡོང་བ་བྱེད་ཆོག་ཅེས་ལན་བཏབ་པ་རེད།

2023ལོའི་ཟླ3པར་བློ་བཟང་གིས་རི་བོང་གསོ་བའི་ལས་གཞི་དངོས་སུ་འགོ་ཚུགས་པ་རེད། བརྒྱད་ཟིལ་རྫོང་གི་ཁོངས་སུ་འདོད་མོས་ཡོད་པའི་ཡུལ་མིས་རི་བོང་ཁང་བསྐྲུན་རྗེས་བློ་བཟང་གི་ལག་ནས་རི་བོང་ཆེས་ཉུང་བ20དང་མང་བ80ལེན་ཆོག་པ་རེད། གཏའ་དངུལ་རི་བོང་རེར་སྒོར200སྤྲད་དགོས།

དེ་ལྟར་བློ་བཟང་དང་ཡུལ་མི་རྣམས་ཀྱི་ཐུན་མོང་འབད་བརྩོན་བྱས་པར་བརྟེན་ལོ་དེའི་ཟླ6པར་བློ་བཟང་དང་ཁོང་གི་བཟའ་ཟླས་རི་བོང་སྐམ་ཤ་ཁྱེར་ནས་སྐབས་བཅུ་དགུ་པའི་ཀྲུང་གོ་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སུ་སོང་ནས་དྲྭ་ཐོག་དང་དྲྭ་འོག་གི་རྣམ་པའི་ཐོག་ནས་ཕྱིར་ཚོང་བྱས་པས་མྱུར་དུ་བཙོང་ཚར་བ་རེད།

2020ལོའི་ཟླ5པ་ནས་ད་ལྟའི་བར་གྱི་ཉིན་ཞག་ཆིག་སྟོང་ལྷག་གི་རིང་གི་སྟོབས་ཤུགས་མཐའ་དག་གིས་བློ་བཟང་གི་ལས་དབང་དང་ཕུགས་འདུན་ལ་རྨང་གཞི་བཏིང་། མདུན་དུ་སྤོས་པའི་གོམ་པ་རེ་རེའི་ཁྲོད་ན་དགའ་སྣང་འཇིགས་སྣང་གཉིས་ལྡན་གྱི་དོན་དག་གསར་པ་ཡོད་ལ། འབྱུང་འགྱུར་གྱི་ལམ་ཁར་ཡུལ་སྡེ་དར་རྒྱས་གཏོང་བའི་གོ་སྐབས་དམ་འཛིན་བྱས་ནས་རང་ངོས་ཀྱི་ཐོན་ཁུངས་ལེགས་ཆ་སྔོག་འདོན་གང་ལེགས་བྱེད་པ་དང་དུས་མཚུངས་སུ་འཁོར་རྒྱུག་ཡོད་པ་དང་སྤུས་ཚད་ཡོད་པ། ཡོང་འབབ་ཡོད་པ་བཅས་ཀྱི“གྲངས་ཚད་གསུམ་གྱི་ཐབས་ལམ”སྤྱད་དེ་ཡུལ་མི་དེ་བས་མང་པོར་རོགས་རམ་བྱས་ནས“ཡུལ་སྡེ་སྲུང་སྐྱོབ་པའི”འགན་འཁྲི་སྔར་བས་ཡག་པོ་འཁུར་རྩིས་ཡོད།།

(རྟ་མགྲིན་རྡོ་རྗེས་བསྒྱུར།)

ང་ནི་སྤྱིར་བཏང་གི་མི་ཞིག་ཡིན།

བརྒྱད་ཟིལ་རྫོང་དཀར་ཆུས་གྲོང་རྡལ་ཚ་ཨར་གྲོང་སྡེ་ནས་འཚར་ལོངས་བྱུང་བའི་བློ་བཟང་གིས་རང་ཉིད་ནི་ནམ་ཡང་མི་དཀྱུས་མ་ཞིག་ཡིན་པར་འདོད་དེ། བློ་བཟང་ལ་དམའ་རིམ་སློབ་འབྲིང་ནས་བཟུང་གླ་པར་འགྲོ་བ་དང་ལོ18ལ་སླེབས་དུས་རང་གཅིག་པུ་ཧྲང་ཧའེ་རུ་བསྐྱོད་པ། ལོ11རིང་ས་གནས་མང་པོར་ལས་གནས་སྣ་ཚོགས་བརྗེས་མྱོང་བ་སོགས་ཀྱི་དམིགས་བསལ་གྱི་ཉམས་མྱོང་ཡོད་ཀྱང་རང་ཉིད་ནི་ཆེས་སྤྱིར་བཏང་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།

2008ལོའི་དབྱར་ཁར། བློ་བཟང་གིས་ཁྱིམ་ནང་གི་དཔལ་འབྱོར་གནོན་ཤུགས་ཡང་དུ་གཏང་ཆེད་ཁོ་རང་གཅིག་པུ་ཧྲང་ཧའེ་ལ་སོང་ནས་ལས་དོན་བཙལ་བ་རེད། ཉིན་མོར་ལས་ཞུགས་བྱས་ནས་མཚན་མོར་སྡོད་གནས་སུ་སླེབས་སྐབས་ནང་སེམས་འཚུབ་ཆ་ལངས་ནས་རྒྱུན་དུ་གཉིད་མི་ཁུག་པར་གྱུར། འོན་ཀྱང་ད་དུང་མུ་མཐུད་དུ་འཚོ་བ་སྐྱེལ་དགོས་པས་བློ་བཟང་གིས་ཉིན་མཚན་བརྗེ་རེས་བྱས་ནས་འབད་བརྩོན་མི་བྱེད་ཀ་མེད་དུ་གྱུར།

ཉམས་མྱོང་ངེས་ཅན་ཞིག་བསགས་རྗེས་ཁོང་གིས་སླར་ཡང་ཟ་མ་སྐྱེལ་རྒྱུ་དང་ཞབས་ཞུ་བ། ཐབ་ཚང་གི་རྩག་རྩིག་སོགས་ཀྱི་ལས་ཀ་བྱེད་འགོ་ཚུགས་ཤིང་། བསྐྱར་ཟློས་ཀྱི་ལས་ཀ་འདི་དག་གི་ཁྲོད་ནས་རང་ཉིད་ལ་ཡར་རྒྱས་མི་དམན་པ་བྱུང་བ་རེད།

སྟེས་དབང་ཞིག་གིས་རང་ཉིད་དང་ཕ་ཡུལ་གཅིག་པའི་བུ་མོ་སྒྲོལ་མ་གཉིས་ངོ་ཤེས་ཤིང་། དེ་ལྟར་ལོ་དང་ཟླ་བའི་ཁྲོད་ནས་ཁོ་གཉིས་རིམ་བཞིན་མཛའ་གྲོགས་སུ་གྱུར། 2018ལོར་སྒྲོལ་མར་མངལ་ཆགས་པས་མུ་མཐུད་དུ་ཧྲང་ཧའེ་ནས་སྡོད་པའམ་ཡང་ན་ཕ་ཡུལ་དུ་ལོག་རྒྱུ་དེ་ཁོ་གཉིས་ཀྱི་མདུན་དུ་ཡོད་པའི་ལྡོག་མེད་ཀྱི་གདམ་ག་ཞིག་ཏུ་གྱུར། མཐར་ཁོ་གཉིས་ཕ་ཡུལ་བརྒྱད་ཟིལ་རྫོང་དུ་ལོག་པར་ཐག་བཅད། བློ་བཟང་གིས་ཕ་ཡུལ་དང་ཁ་བྲལ་ནས་ལོ་མང་འགོར་བས་ད་ཕྱིར་ལོག་རན་འདུག། བུ་མོ་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་བཟའ་མི་ལྷན་དུ་འཛོམས་རྒྱུ་ནི་རེ་བ་ཉག་གཅིག་ཡིན་ཞེས་བཤད།

བུ་མོ་ཆུང་ཆུང་སྒྲོལ་མ་འཇིག་རྟེན་འདིར་སླེབས་རྗེས། བློ་བཟང་གིས་སྒོར་མོ་འཚོལ་ཆེད་ཉིན་དཀར་རི་ལ་ཤ་མོ་འཐུ་བ་དང་གཞན་ལ་ཟ་མ་སྐྱེལ་རོགས་བྱས་པ་དང་། དགོང་མོར་བཤས་རར་ལས་ཞུགས་བྱེད་དུ་སོང་བས་བྲེལ་བ་ཆེན་པོ་ཆགས། མ་གཞི་ཁོ་ཕྱིར་སོང་ནས་ལས་ཀ་འཚོལ་བསམ་མོད་བུ་མོ་དང་ཁ་བྲལ་འདོད་མེད་པས་ཕ་ཡུལ་ནས་ལས་ཀ་བཙལ་བ་རེད། ཁོས་མི་མང་པོ་ཞིག་གི་འཁྱུག་དབྱིངས་བརྙན་ཐུང་གིས་གྲུབ་འབྲས་མི་དམན་པ་རེག་པ་མཐོང་ནས་འཁྱུག་དབྱིངས་བརྙན་ཐུང་བཟོ་བའི་སེམས་ཤུགས་རབ་ཏུ་འཕེལ།

2022ལོའི་ཟླ5པར་བློ་བཟང་གིས་འཁྱུག་དབྱིངས་བརྒྱུད་ནས་བུ་མོ་ནར་སོན་པའི་བརྒྱུད་རིམ་དང་རི་འགོ་ནས་ཤ་མོ་འཐུ་བ། རྡོ་ལེབ་བསྲེགས་ཟས་སོགས་བརྙན་ཐུང་བརྩམས་ཆོས་སྤེལ། དེ་ལྟར་ཟླ་བ་གཉིས་ལྷག་འགོར་ཡང་ཞེན་མི300ལྷག་ལས་མེད་པས་སེམས་ཀྱི་ཁོ་ཐག་ཆད་ནས་ཡོད་པའི་སྐབས་དེར། བརྒྱད་ཟིལ་རྫོང་ཚོང་དོན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱིས་སྤེལ་བའི་འཕྲིན་སྦྱོར་གསར་པའི་གསོ་སྦྱོང་གིས་བློ་བཟང་ལ་རེ་བའི་འོད་སྣང་སླར་ཡང་སྦྱིན། དུས་དེ་ནས་བཟུང་སྟེ། ཁོས་སི་ཁྲོན་ནུབ་རྒྱུད་ཀྱི་མཛེས་ལྗོངས་དང་ངལ་རྩོལ་འཚོ་བ། བུ་མོ་ནར་སོན་པའི་བརྒྱུད་རིམ་བཅས་ཟུང་དུ་འབྲེལ་ནས་པར་ལེན་བྱས་པས་ཞེན་མི་མང་དུ་ཕྱིན་ཡོད། ཕྱིས་སུ་བློ་བཟང་ལ་འཁྱུག་དབྱིངས་ལས་སྟེགས་ཀྱིས་ཡུལ་སྡེ་སྲུང་སྐྱོབ་པ་ཞེས་པའི་མཚན་སྙན་གནང་།

2022ལོའི་ཟླ12པར་བློ་བཟང་གིས་ཐེངས་དང་པོར་ཐད་གཏོང་བྱེད་འགོ་ཚུགས། ཕྱི་ལོའི་ཟླ7པར་བློ་བཟང་གིས་བརྒྱད་ཟིལ་རྫོང་ཁེ་རྡོ་གྲོང་རྡལ་དུ་ཐད་གཏོང་བྱས་པར་ཟླ་དེར་སྒོར་ཁྲི13རི་བའི་ཇ་དམར་ཕྱིར་ཚོང་གི་གྲུབ་འབྲས་བཟང་པོ་ཐོབ། རང་ཉིད་ཀྱི་ཐད་གཏོང་གི་ལེགས་ཆ་ཤེས་རྟོགས་བྱུང་ནས་བློ་བཟང་གིས་བརྒྱད་ཟིལ་བེ་ཤ་བཙོང་བ་རེད། ཉིན་གཅིག་ལ་མངག་ཐོ500ལྷག་བཙོང་ཐུབ་ཀྱང་ཟོག་འགྲེམས་ཀྱི་ཚོད་འཛིན་ཐེབས་ནས་མངག་ཐོ300ལྷག་ལམ་ནས་རུལ། འདི་ནི་བཙལ་ན་རྙེད་དཀའ་བའི་ཚོང་ལས་ཀྱི་གོ་སྐབས་ཤིག་ཡིན་པས་བློ་བཟང་གིས་སླར་ཡང་འཚོལ་ཞིབ་བྱས་ནས་ཞིང་ལས་ཐོན་རྫས་ཉར་ཚགས་དང་སྐྱེལ་འདྲེན་བྱ་ཐབས་འོས་འཚམ་ཞིག་འཚོལ་རྒྱུ་ལས་ཐབས་གཞན་མེད་པར་གྱུར།