བརྩེ་བས་སྲེག་པའི་སེམས་ནི་བྱེ་ཐང་གི། །
རྔ་མོང་བཞིན་དུ་ངལ་ཞིང་དུབ་ན་ཡང་། །
ཁྱོད་ཞལ་ཟླ་བ་ཡུད་ཙམ་མཇལ་བས་ཀྱང་། །
ཡིད་ལ་བདུད་རྩིའི་ཟེགས་མ་སིམ་སིམ་འཇོ། །
ཡུད་ཀྱིས་འགྱུར་བའི་འཁོར་བའི་ཐང་ཆེན་ནས། །
ལོ་དང་ཟླ་བའི་ཕྲེང་བར་བརྩེ་དུང་གི། །
མཛེས་པའི་མགུལ་རྒྱན་བསླེ་སའི་བུ་མོ་ཁྱེད། །
སྙན་ངག་ལས་ཀྱང་ཞིམ་པའི་འཆར་ཡན་ཡིན། །
མག་མོག་ཟླ་བ་སྐྱོ་བའི་ཉམས་ཀྱིས་འཛུམ། །
འདས་དོན་རི་མོ་ཆུ་རིས་བཞིན་དུ་གཡོ། །
ནམ་ཞིག་མ་བཅོས་བརྩེ་བའི་སེམས་པ་འདིའི། །
བདག་པོ་ཁྱོད་རང་ཡིན་ན་དགའ་བ་ལ། །
༼ གླིང་བུའི་སྙེ་མ། ༽
