国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལས་ངན་སྤྲང་པོ།

ནན་ཧྲན་རྫོང་ལན་ཀཱ་གྲོང་རྡལ་ཞའོ་ནན་ཀཱ་གྲོང་སྡེ་རུ་ལིའུ་ཞའོ་ཧུའུ་ཞེས་པའི་ཡུལ་མི་ཕལ་པ་ཞིག་ཡོད། ཆུང་དུས་ནས་ཕ་མ་གཉིས་ཚེ་ལས་འདས་པས་ཨ་མྱེས་ཀྱིས་འཚོ་སྐྱོང་བྱས་ཏེ་འཚར་ལོངས་བྱུང་། ནར་སོན་རྗེས་ཁོ་ནི་སོ་ནམ་པ་རྣལ་མ་ཞིག་ཏུ་གྱུར་ཏེ་ས་ཞིང་རྨོས་ནས་འཚོ་བ་བསྐྱལ་བ་རེད། ཁྱིམ་ཚང་དབུལ་ཞིང་ཕོངས་པས་ལོ་ན་སུམ་ཅུ་ལ་སོན་ཡང་ད་དུང་གཉེན་སྒྲིག་བྱས་མེད། དེ་ནི་ལིའུ་ཞའོ་ཧུའུ་ཡི་སེམས་ནད་ཆེས་ཆེ་ཤོས་སུ་གྱུར།

ཞའོ་ཆིང་ནི་ལན་ཧྲན་རྫོང་ནན་ཀཱ་གྲོང་རྡལ་ལི་ཤི་གྲོང་སྡེའི་མི་རེད། མོའི་ཁྱོ་བོ་ཟུར་ལས་སྒྲུབ་པའི་ལས་ཡུལ་གྱི་ཁང་སྟེང་ནས་ལྷུངས་ཏེ་མྱུར་སྐྱོབ་བྱས་ཀྱང་མ་ཕན་ནས་རང་གི་ནུ་འོ་འཐུང་བཞིན་ཡོད་པའི་བུ་མོ་དང་བཟའ་ཟླ་གཉིས་བསྐྱུར་ནས་འཇིག་རྟེན་ཕྱི་མའི་ལམ་དུ་སོང་། གནའ་མིའི་གཏམ་དཔེ་ལ་སྐྱེས་པ་མེད་ན་བུད་མེད་ཁྱིམ་འཛིན་དཀའ་ཟེར་བ་བཞིན་རིག་གནས་ལག་རྩལ་སོགས་གང་ཡང་མེད་ཅིང་གྲོགས་མེད་རྟེན་མེད་ཀྱི་མ་སྨད་གཉིས་ཀྱི་འཚོ་བ་སྐྱོ་ཐག་ཆོད་ཅིང་མཐོང་བ་ཙམ་གྱིས་སེམས་མི་ན་མཁན་གཅིག་ཀྱང་མེད།

གནམ་རྒན་མས་སྙིང་རྗེས་མ་བཟོད་པ་ཡིན་ལས་ཆེ། ཁྱིམ་ཚང་དབུལ་པོ་ཡིན་པས་མནའ་མ་མི་ལོན་པའི་མི་ལས་ངན་ལིའུ་ཞའོ་ཧུའུ་དང་གྲོགས་མེད་རྟེན་མེད་ཀྱི་བུད་མེད་ལས་ངན་ཞའོ་ཆིང་གཉིས་གཉེན་ཉེ་སོགས་ཀྱིས་རོགས་རམ་འོག་ཚེ་རབས་ལས་ཀྱི་གཏན་རོགས་སུ་གྱུར། ཁོ་གཉིས་ལ་ཐོག་མ་དགའ་རོགས་སྒྲིག་དུས་ཀྱི་འཆར་ཡན་མེད་ལ། བརྩེ་དུང་གི་བྲོ་བ་ཟབ་མོའང་མེད་མོད། གཉེན་འཛིན་བླངས་ཤིང་གཉེན་སྟོན་བྱས་རྗེས་བཟའ་ཚང་གཉིས་ཀྱིས་སྙིང་ཉེ་བའི་ཤབ་ཤུབ་གཏམ་གྱིས་མ་འོངས་པའི་འཚོ་བར་ལྷུག་བརྗོད་བྱས་པ་སྟེ། ཁྱོ་བོས་ང་ནི་ཞིང་པ་ཞིག་ཡིན་པས་སྒོར་མོ་མང་པོ་ཞིག་ལོན་མི་ཐུབ་ལ་སྟོབས་འབྱོར་ལྡན་པ་ཞིག་ཏུ་འགྱུར་མི་ཐུབ་ཀྱང་། ས་ཞིང་རྨོས་པ་དང་ཞོར་ལས་བཙལ་ནས་ཁྱིམ་ཚང་སྐྱོང་བར་དཀའ་ལས་ཡོད་རྒྱུ་མ་རེད། ཁྱོད་དང་བུ་མོ་སྡུག་ཏུ་འཇུག་རྒྱུ་མིན་ཟེར། ཆུང་མས་ང་ནི་སྐད་ཆ་སྙན་པོ་བཤད་མཁས་པ་ཞིག་མིན། རེད་དེ་སུས་ང་ལ་ཡག་པོ་བྱས་ན་ངས་ཀྱང་ཚེ་གཅིག་དེ་ལ་ཡག་པོ་བྱེད་ཤེས་མཁན་ཞིག་ཡིན། གཞུང་དྲང་ཚུལ་ལྡན་ཡིན་ལ་མིར་སེམས་ཁུར་བྱེད་མཁས་པ། དཀའ་སྤྱད་སྡུག་བསྲན་ཆེ་བ་ཁྱོད་ཀྱི་བཟའ་ཟླར་གྱུར་བ་ནི་ངའི་བསོད་ནམས་རེད། ཕྲུ་གུ་ནི་བརྩེ་དུང་གི་སྙིང་བཅུད་ཡིན་ལ་བརྩེ་དུང་གི་འབྲེལ་ཟམ་ཡང་ཡིན་པས་འབྱུང་འགྱུར་ཁྱོད་ལ་ཕྲུ་གུ་ཞིག་སྐྱེ་རྒྱུ་ཡིན་ཞེས་བཤད།

གཞན་གྱིས་སྐྱེས་པ་ཤི་བའི་བུད་མེད་ནི་སྲིན་མོ་རེད་ཅེས་ཟེར་ཡང་ལིའུ་ཞའོ་ཧུའུ་ལ་དེ་འདྲའི་བསམ་བློ་ཡེ་ནས་མེད། གཞན་གྱིས་གཉེན་སྒྲིག་ཐེངས་གཉིས་བྱས་པའི་བུད་མེད་ལ་བུད་མེད་ཀྱི་བྲོ་བ་མེད་ཅེས་ཟེར་ཡང་། ལིའུ་ཞའོ་ཧུའུ་ཡི་སེམས་སུ་གཉེན་སྒྲིག་ཐེངས་གཉིས་བྱས་པའི་བུ་མོ་ནི་སྟོན་ཁའི་མ་རྨོས་ལོ་ཏོག་བཞིན་ལེགས་པོར་སྨིན་ཡོད་ལ་བྲོ་བའང་ཞིམ་བསམ་གྱིན་ཡོད། བུ་མོ་ལ་ཡང་གི་བུ་མོ་ལས་ཀྱང་ལྷག་པའི་བྱམས་སྐྱོང་བྱས་པས་ཞའོ་ཆིང་སེམས་འགུལ་ཚད་མེད་ཐེབས་ནས་རང་གི་ཁྱོ་བོ་ལྷ་བཞིན་བཀུར་ནས་ཞབས་ཕྱི་ཡག་པོ་བསྒྲུབས་པ་རེད། ཡུན་ཐུང་བའི་མི་ཚེ་འདིར་ལས་ངན་པའི་བཟའ་ཚང་དེ་གཉིས་ལ་བདེ་སྐྱིད་ཀྱི་ཉི་མ་ཅུང་ཟད་ཤར།

ལིའུ་ཞའོ་ཧུའུ་དང་ཞའོ་ཆིང་གི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་ཡག་ཏུ་སོང་བ་དང་ཁ་འཆམ་མཐུན་འགྲོགས་ཀྱི་བཟའ་ཚང་དཔེ་ཡག་པོ་རེད་ཅེས་གྲོང་མི་ཚང་མས་བསྟོད་བསྔགས་བྱས་པའི་ཁྲོད་དུ་ལོ་ལྔ་ཡུད་ཀྱིས་སོང་། བུ་མོ་ཡང་ལོ་དྲུག་ལ་སོན། རེད་དེ་ལིའུ་ཞའོ་ཧུའུ་དང་ཞའོ་ཆིང་གི་བར་ད་དུང་ཕྲུ་གུ་མེད།

གྲོང་པ་དེར་སྐྱེས་གཟུགས་ཡག་པའི་ཐོག་ངོ་ལ་དཀར་པོ་དང་ཁ་ལ་དམར་པོ་བྱུགས་ཏེ་ལྷ་མིན་འདྲེ་མིན་གྱི་ཆ་ལུགས་འཛིན་པར་དགའ་བ་དང་། བློ་ཁོག་དོག་ལ་ཕྲག་དོག་ཆེ་བ། ཟ་འདོད་འགུལ་འཚེར་དང་ཁ་བདེ་ལྕེ་བདེ། དཀྲུགས་ཤིང་གཡོ་སྒྱུའི་ལས་ལ་གོམས་པའི་བུད་མེད་ཅིག་ཡོད་པར་ཚང་མས་ཐན་ཁ་ཆེ་ཞེས་འབོད། ཁོས་བལྟས་བལྟས་རིག་རིག་ལ་གསོན་པོ་དེ་གཤིན་པོ་རེད་ཅེས་བཤད་ཐུབ་ལ་གཤིན་པོའང་གསོན་པོ་རེད་ཅེས་བཤད་ཐུབ།

མི་དགའ་ན་རང་མི་དགའ་བ་དང་མི་སྐྱིད་ན་རང་མི་སྐྱིད་པའི་ཐན་ཁ་ཆེས་ལས་ངན་གྱི་བཟའ་ཚང་དེ་གཉིས་ཀྱི་བར་དུ་ཡང་དཀྲུགས་ཤིང་གི་འདྲེ་ལག་བརྐྱངས། སྐབས་སྐབས་སུ་དཀྲོག་གཏམ་སྤེལ་ཏེ་མི་སེམས་དཀྲུག་གང་ཐུབ་བྱས། ལིའུ་ཞའོ་ཧུའུ་ནི་མི་ནུས་མེད་ཅིག་ཡིན་པས་ཞའོ་ཆིང་གིས་རྐང་བཙུགས་ནས་ཁོ་ལ་ཕྲུ་གུ་མི་སྐྱེ་བ་རེད་ཅེས་དང་། ལིའུ་ཞའོ་ཧུའུ་ལ་ཕྲུ་གུ་ཡོད་ན་ཞའོ་ཆིང་གིས་ཁྲིད་ནས་ཡོང་བའི་བུ་མོ་ལ་ཡག་པོ་མི་བྱེད་ཁོ་ཐག་རེད། ལིའུ་ཞའོ་ཧུའུ་ནི་མི་ཐབས་སྡུག་སྒོར་མོ་བཙལ་ནས་གཞན་གྱི་ཕྲུ་གུ་གསོ་མཁན་རེད་ཅེས་པ་ལ་སོགས་པའི་གཏམ་འཁྱར་གཅིག་འཇགས་གཉིས་ལངས་བྱེད་དུ་བཅུག།

གནམ་ལ་སྤྲིན་རླུང་འགྱུར་ལྡོག་ཚོད་དཔག་དཀའ།། མི་ལ་ཕན་གནོད་ཅི་ཡོང་ངེས་གཏན་མེད།། ཅེས་པ་བཞིན་རིག་གནས་མེད་ཅིང་བླང་དོར་གྱི་གནས་ལ་རྨོངས་པར་མ་ཟད། གཏམ་འཁྱར་ཁ་ཤུགས་ཆེ་བས་མཐར་ལིའུ་ཞའོ་ཧུའུ་ཐན་ཁ་ཆེའི་གཡོ་འོག་ཏུ་ཚུད་དེ་ཞའོ་ཆིང་ནི་ཡུགས་མ་ཡིན་ལ་སྲིན་མོ་དངོས་རྒྱུག་ཡིན་སྣང་ཤར་ཏེ། ཐན་ཁ་ཆེས་ངོ་སྤྲོད་བྱས་པའི་དྲང་སྲོང་གི་ཆས་སྤྲས་པའི་མི་ཞིག་གདན་དྲངས་ནས་དྲག་པོའི་སྦྱིན་སྲེག་བྱས་ཏེ་གདོན་འདྲེ་བཟློག་པའི་ཆོ་ག་སྤེལ། དྲང་སྲོང་ཡིན་ཟེར་བའི་མི་དེས་ང་ནི་དགྲ་འདྲེ་གདོན་བགེགས་ཀྱི་ཁ་གནོན་ཡིན། ང་ལས་ལྷག་པ་ཞིག་མེད་པས་ཁྱོད་ཀྱིས་ངའི་བཀའ་ལྟར་སྒྲུབས་དང་ཁྱོད་ལ་འདི་དག་གིས་གནོད་མི་སྐྱེལ་པ་ངས་ཁས་བླངས་ཆོག་ཅེས་བཤད་དེ་ཞའོ་ཆིང་ཁང་མིག་ཅིག་ཏུ་ཁྲིད། མི་གཞན་རྣམས་ཕྱིར་ཕུད། ཞའོ་ཆིང་གིས་ལག་ཟུང་ཐལ་མོ་སྦྱར་ཏེ་ཅི་གསུངས་བཀའ་དང་མཛུབ་མོ་གར་བསྟན་ཤར་བྱས་པ་ལས་ཐབས་གཞན་མ་རྙེད། དྲང་སྲོང་གིས་ཀྱང་དྲིལ་བུ་དཀྲོལ་ཞིང་ཆོ་ག་བྱེད་འགོ་བརྩམས་ཏེ་དགྲ་འདྲེ་གདོན་བགེགས་ཁྱོད་མ་འགྲོ་ན་ངས་ཕུད་རྒྱུ་ཡིན། ཁྱོད་འགྲོ་ན་ད་ལྟ་ཉིད་དུ་སོང་ཞེས་འདོན་ཞོར་ཞའོ་ཆིང་ལ་གོས་ཕུད་དང་ཁྱོད་ལུས་ལ་ཡོད་པའི་དགྲ་འདྲེ་གདོན་བགེགས་སོགས་གཙང་མ་བྱ་རྒྱུ་ཡིན་ཞེས་བཤད་པས་ཞའོ་ཆིང་གིས་ཀྱང་གོས་ཕུད་དེ་གླེན་གོག་གོག་ངང་ཉལ་ཁྲིའི་ཐོག་ཏུ་ཉལ། དྲང་སོང་གིས་ཆོ་གའི་མཇུག་བསྒྲིལ་ཁོམ་མེད་པར་ཞའོ་ཆིང་བཙན་གཡེམ་བྱས་པ་རེད།

དོན་དངོས་ཐོག་དྲང་སྲོང་གི་ཆས་སྤྲས་པའི་མི་དེ་ནི་དགྲ་འདྲེ་གདོན་བགེགས་ཕུད་པར་ཁ་གཡར་ནས་བུད་མེད་མགོ་བསྐོར་ནས་བསླུ་བྲིད་གཏོང་བར་འབྱམས་པའི་མི་ངན་ཞིག་ཡིན་པ་དང་། ད་བར་བུད་མེད་མང་པོ་དེའི་གཡོ་འོག་ཏུ་ཚུད་ཡོད། ཚུལ་འདི་ཡང་ཐན་ཁེ་ཆེ་དང་མི་ངན་དེ་གཉིས་ཀྱིས་ཁྱི་སྤྱང་ལག་སྦྲེལ་བྱས་ནས་འཁྲབ་པའི་སྐྱོ་གར་ཞིག་རེད།

གནའ་མིའི་གཏམ་དཔེར། རང་བྱས་གཞན་གྱིས་ཤེས་དོགས་ན། རང་གིས་མ་བྱེད་ཐབས་གཞན་མེད། ཁྲིམས་ཀྱི་རྒྱ་ལས་ཐར་ཐབས་མེད་ཅེས་པ་བཞིན་མཐར་མི་ངན་དེ་དང་ཐན་ཁ་ཆེ་གཉིས་ཁྲིམས་ལ་གཏུགས་ནས་སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་བྱས་སོང་མོད། འོན་ཀྱང་ལས་ངན་བུད་མེད་ཞའོ་ཆིང་གིས་ཤེས་མི་སྲིད་དེ། མོ་ཉིན་དེའི་མཚན་མོར་ལྕེབས་ནས་ཤི་ཚར་བ་རེད།

ཞའོ་ཆིང་གི་ཕུང་པོ་བཞག་སའི་ཕྱོགས་ནས་ལིའུ་ཞའོ་ཧུའུ་དང་བུ་མོ་ཆུང་ཆུང་གི་སེམས་ལ་གཟན་པའི་ངུ་སྒྲ་ཉིན་ཁ་ཤས་བར་དུ་རྒྱུན་མ་ཆད། དེ་ནས་ཟླ་ཕྱེད་འགོར་རྗེས་ལིའུ་ཞའོ་ཧུའུ་དང་བུ་མོ་གཉིས་ཀ་གར་སོང་ཆ་མེད་དུ་གྱུར་འདུག་པའི་གཏམ་གྲོང་སྡེ་ཡོངས་ལ་ཁྱབ།། ༼ མིག་དམར་དོན་གྲུབ་ཀྱིས་བསྒྱུར།༽