མཛའ་གཞས་ཀྱི་དར་མདོ། པར་ལེན་གྱི་ཞིང་ཁམས། འདུ་འཛིས་ཁེངས་པའི་ར་རྔ་ཁ་གྲོང་རྡལ་བརྒྱུད་དེ་བལ་གསེད་གྲོང་སྡེ་གསུམ་པར་ཐོན་དུས། མཐའ་འཁོར་ནགས་རི་དང་སྤང་རིས་བསྐོར་བ་དང་། དཀྱིལ་དུ་སྔོ་ལྗང་རྩྭ་ཐང་གི་སྟེང་དུ་མེ་ཏོག་སྣ་ཚོགས་བཞད་ཅིང་། གསེར་མདོག་ཉི་འོད་འཚེར་བའི་མཛེས་སྡུག་གི་ཁོར་ཡུག་ཁྲོད་བཟོ་སྐྲུན་ལེགས་པའི་བོད་ཁང་དཀར་པོ་ཞིག་འདུག། དེ་ནི་ལོ་རབས་དགུ་བཅུའི་རྗེས་ནས་སྐྱེས་པའི་ཕྱི་རྒྱལ་ནས་ཕྱིར་ལོག་མཁན་ལིའུ་ཀུའོ་ཅན་གྱིས་བདག་གཉེར་བྱེད་བཞིན་པའི་བསྟོད་པ་གནས་ཚང་རེད། ལིའུ་ཀུའོ་ཅན་གྱིས་ཕྱི་རྒྱལ་གྱི་ཡུལ་ལྗོངས་གང་འདྲ་མཛེས་ཀྱང་མེས་རྒྱལ་གྱི་མཛེས་ལྗོངས་ལ་མི་དོ། ང་ལ་མཚོན་ན་གནས་མཆོག་དཀར་མཛེས་ལ་བརྩེ་དུང་ཟབ་མོ་ཡོད་པས་འདིར་ཡུལ་སྐོར་འགྲོ་བར་ཤིན་ཏུ་དགའ། དཀར་མཛེས་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཐད་ནུས་པ་ཅུང་ཙམ་འདོན་ཨེ་ཐུབ་ཀྱི་རེ་བ་ཡོད་ཅེས་བཤད། ཕྱི་རྒྱལ་གྱི་ལས་ཀའི་ཁོར་ཡུག་བཟང་པོ་དང་གླ་ཕོགས་དང་ཐོབ་ཐང་ལེགས་པོས་ལིའུ་ཀུའོ་ཅན་གྱི་སེམས་འགུག་ཐུབ་མེད་ཅིང་། ཁོ་ལ་སེམས་འགུལ་ཐེབས་མཁན་ནི་མེས་རྒྱལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག། ཁྱད་པར་དུ་ཁམས་པའི་མཐོ་སྒང་གི་མཛེས་སྡུག་རི་ཆུ་དང་། སྐྱེ་ཁམས་ཁོར་ཡུག་བཟང་པོ་བཅས་ཡིན། དཀར་མཛེས་ཁུལ་གྱི་ཡུལ་ལྗོངས་ནི་མཛེས་སྡུག་གི་རི་མོ་ཞིག་དང་མཚུངས། ཕྱོགས་བཞིར་གངས་རི་དང་རྫ་རི། སྤང་རིས་བསྐོར་ཡོད། དཀྱིལ་ན་མེ་ཏོག་སྣ་ཚོགས་བཞད་པའི་སྔོ་ལྗང་གི་རྩྭ་ཐང་དང་ཆུ་བོ་ཡོད་ལ། དྭངས་གཙང་གི་ཆུ་བོའི་ནང་དུ་ཉ་གསེར་མིག་གིས་འཁྱུག་རྩལ་ངོམ་པ་སོགས་ཆུ་སྐྱེས་སྲོག་ཆགས་གསལ་ལེར་མཐོང་ཐུབ། འབྲོག་སྡེ་ལ་ཐོན་དུས་རྟ་ནོར་ལུག་གསུམ་ནི་ནམ་མཁའི་སྐར་ཚོགས་བཞིན་གང་དགའ་རྩྭ་ཐང་སྟེང་དུ་རྩེ་བཞིན་ཡོད། རོང་ས་ལ་ཐོན་དུས་བསིལ་རླུང་འཇམ་པོས་གྲོ་ནས་སྲན་གསུམ་གྱི་མགོ་ལྕོག་ལྡེམ་ལྡེམ་གཡོ་བ་ནི་རྒྱ་མཚོའི་རྦ་རླབས་འཕྱོ་བ་དང་མཚུངས་པས་མི་རྣམས་ལ་རང་དབང་མེད་པ་སྤྲོ་སྣང་སྟེར་ཐུབ། སྐུ་ཞབས་ལིའུ་ཀུའོ་ཅན་གྱིས་ཐེངས་དང་པོར་དེ་འདྲའི་ཡུལ་ལྗོངས་མཐོང་དུས་ཡིད་དབང་རབ་ཏུ་འཕྲོག་ནས་དགའ་ཞེན་ཚད་མེད་སྐྱེས། ལིའུ་ཀུའོ་ཅན་གྱིས་དང་ཐོག་ང་རང་ར་རྔ་ཁ་ལ་ཡུལ་སྐོར་དུ་ཡོང་བ་ཡིན་མོད། འོན་ཀྱང་། འདི་འདྲའི་མཛེས་ལྗོངས་མཐོང་རྗེས་བྲལ་འདོད་མེད་པར་གྱུར་སོང་ཞེས་བཤད། ལོ་ཤས་གོང་གི་སྔ་རྗེས་སུ་ལིའུ་ཀུའོ་ཅན་དབྱིན་ཇི་དང་ཨ་རིར་སློབ་སྦྱོང་བྱས་ནས་ཕྱིར་ལོག་པ་དང་།དེ་ནས་ལི་ཐང་བུ་མོ་སྐལ་བཟང་ལྷ་མོ་དང་འཕྲད་རྗེས་ཁོ་གཉིས་ཀྱི་བར་ལ་མཛའ་བརྩེའི་མེ་ཏོག་བཞད་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་འགོ་ཚུགས། 2020ལོར། ཁོ་གཉིས་གཉེན་སྒྲིག་བྱས་རྗེས་ཀྲུང་གོའི་ཡུལ་གྲུ་གང་མང་ཞིག་ལ་ཡུལ་སྐོར་སོང་། 2021ལོར། ར་རྔ་ཁ་གྲོང་རྡལ་བལ་གསེད་གྲོང་སྡེ་གསུམ་པར་ཡོང་ནས་ལོ་ཁ་ཤས་རིང་ལ་བསགས་པའི་རྒྱུ་ནོར་བཏང་ནས་མགྲོན་ཁང་ཞིག་ལས་འགོ་བཙུགས། ལིའུ་ཀུའོ་ཅན་གྱིས་གཞན་ཡུལ་འགྲིམ་པའི་མི་སུ་ཡིན་རུང་ཕ་ཡུལ་དྲན་པའི་ཚོར་སྣང་ཡོང་སྲིད། ང་ཨ་རིར་སློབ་སྦྱོང་བྱེད་རིང་སློབ་གྲོགས་ཚོ་དང་མཉམ་དུ་ཡུལ་སྐོར་སོང་བ་དང་།སྐབས་དེར་སྡོད་ཁང་ཞིག་ཏུ་བསྡད་པ་ཡིན། སྡོད་ཁང་དེས་ང་ལ་ཁྱིམ་དུ་ལོག་པའི་ཚོར་སྣང་ཞིག་སྟེར་བྱུང་། སྡོད་ཁང་དེའི་སྣང་ཉམས་སམ་སྦྱིན་བདག་གི་བྱམས་བརྩེ་གང་ཡིན་རུང་། ང་ལ་མཚོན་ན་ཡུན་རིང་པོར་མ་འཕྲད་པའི་གྲོགས་པོ་བཟང་པོ་ཞིག་གི་ཁྱིམ་དུ་སླེབས་པའི་སྣང་བ་སྦྱིན་སོང་། དེ་ནས་བཟུང་། ངས་མགྲོན་ཁང་ལ་མྱོང་ཚོར་མི་འདྲ་བ་ཞིག་སྐྱེས་བྱུང་། དེ་ནི་སྤྱི་བཏང་གི་མགྲོན་ཁང་ནང་མྱོང་མི་ཐུབ་པའི་མྱོང་ཚོར་ཞིག་རེད། ངས་མྱོང་ཚོར་དེ་ཕ་ཡུལ་ལ་ཁྱེར་ཡོང་འདོད་སྐྱེས་བྱུང་ཞེས་བཤད། དེ་རྗེས་ཆུང་མ་ངེད་གཉིས་ཀྱིས་མཉམ་དུ་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་མགྲོན་ཁང་ཞིག་བསྐྲུན་ཡོད། མགྲོན་ཁང་གི་མདུན་དུ་ཆུ་ཕྲན་ཤག་ཤག་བཞུར་བཞིན་པ་དང་། རྒྱབ་ཏུ་མཐོ་ཞིང་བརྗིད་པའི་རི་བོ་མང་པོ་ཡོད། མཐའ་འཁོར་གྱི་གྲོ་ནས་སྲན་གསུམ་གྱི་སྙེ་མ་རླུང་བུས་གཡོ་དུས་རྦ་རླབས་ལྷབ་ལྷུབ་ཏུ་འཕྱོ་བའི་རྒྱ་མཚོའི་འགྲམ་ན་གནས་པ་དང་མཚུངས་ཞེས་ལིའུ་ཀུའོ་ཅན་ཡིད་སྤྲོ་བས་བརྟས་ཤིང་དེ་ལྟར་བཤད། རྒྱལ་སྤྱིའི་མཐོང་རྒྱ་ལྡན་པའི་ལིའུ་ཀུའོ་ཅན་གྱིས་ཕྱི་རྒྱལ་གྱི་སྔོན་ཐོན་ཁེ་ལས་དོ་དམ་འདུ་ཤེས་ནང་འདྲེན་བྱས་ནས་མ་དངུལ་སྒོར་ཁྲི3000ལྷག་འགྲོ་སོང་བཏང་ནས་གྲོང་སྡེའི་ནང་གི་བོད་ཁང་རྙིང་པ་གཉིས་བསྐྱར་བཟོས་བྱས་ཏེ་མགྲོན་ཁང་བྱས། མགྲོན་ཁང་གི་མིང་ཡང་རང་གི་བུ་མོའི་མིང་བསྟོད་པ་བཏགས་ཡོད། ཆེད་ལས་ཇུས་འགོད་པ་གདན་དྲངས་ནས་མགྲོན་ཁང་གི་ཇུས་འགོད་བྱས་པ་དང་ཡུལ་སྐོར་བའི་དགོས་མཁོ་མི་འདྲ་བར་གཞིགས་ནས་ཇུས་འགོད་བྱས་ཤིང་། ཁྱོན་བསྡོམས་ཁང་མིག19ཡོད། མགྲོན་ཁང་ནང་དུ་དཔེ་ཆ་བལྟ་ས་དང་ཇ་ཁང་། ཟ་ཁང་བཅས་དང་། ཁང་བའི་ཕྱི་རོལ་དུ་མེ་ཕུང་འབར་ནས་བྲོ་འཁྲབ་ས་དང་གུར་ནང་ངལ་གསོ་བྱེད་ས་སོགས་ཡོད། མགྲོན་ཁང་ནང་ད་དུང་རིག་གནས་གསར་གཏོད་ཀྱི་བརྩམས་ཆོས་དང་བཟའ་བཏུང་གི་རིག་གནས་མྱོང་རོལ་བྱེད་ས་ཡོད་པས་རིག་གནས་ཀྱི་བྲོ་བས་ཀུན་ལ་ཁེངས་ཡོད། ལིའུ་ཀུའོ་ཅན་གྱིས་ངས་རིག་གནས་ཡུལ་སྐོར་གྱི་ཟོང་རྟགས་ལེགས་པོ་བཟོས་ནས། གཞོན་ནུ་དེ་བས་མང་བ་ཕ་ཡུལ་དུ་ལོག་པར་སྣེ་ཁྲིད་བྱས་ཏེ་འབྱུང་འགྱུར་གྲོང་སྡེ་མཉམ་སྐྲུན་བྱ་རྒྱུ་ནི་ངའི་ལང་ཚོའི་ཕུགས་འདུན་ཡིན། རང་ཉིད་དེ་གར་ཡོང་བ་ནི་ཁོང་ཚོའི་སྲོལ་རྒྱུན་གོམས་སྲོལ་ལ་སྒྲོ་འདོགས་དང་འགྱུར་ལྡོག་གཏང་བའི་ཆེད་མིན་པར་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱས་ནས་བོད་ཀྱི་རིག་གནས་ཁྱབ་གདལ་གཏང་རྒྱུ་དེ་ཡིན། སེམས་གཏིང་ནས་བརྩི་འཇོག་དང་དགའ་ཞེན་གྱི་དབང་གིས་དེ་གའི་ཡུལ་མི་ཚོ་རང་གི་གཉེན་ཉེ་དང་གྲོགས་པོ་ལྟ་བུར་བརྩི་བཞིན་ཡོད། རིག་གནས་འདི་དག་དང་ཡུལ་སྲོལ་གོམས་གཤིས་བཅས་ལ་ང་རང་དེ་བས་བརྩི་བཀུར་བྱ་ངེས་ཡིན་ཞེས་བཤད། དེང་སང་། སི་ཁྲོན་ཞིང་ཆེན་དང་དཀར་མཛེས་ཁུལ་གྱི་འབྲེལ་ཡོད་སྲིད་ཇུས་དང་རྒྱབ་སྐྱོར་འོག་ནས་དར་མདོ་གྲོང་ཁྱེར་གྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་གོམ་སྟབས་འདི་དང་བསྟུན་ནས། ལིའུ་ཀུའོ་ཅན་ལ་གྲུབ་འབྲས་མི་ཉུང་བ་ཞིག་ཐོབ་ཡོད། ད་སྔར། བསྟོད་པ་མགྲོན་ཁང་གིས་ཐེན་ཧྥུ་ཡུལ་སྐོར་སྡོད་ཁང་གི་གྲས་སུ་བཞུགས་པའི་རེ་བ་རྒྱག་བཞིན་ཡོད།། (སྐལ་བཟང་རྒྱ་མཚོས་བསྒྱུར།)