国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔྱིད་ཀྱི་དཔལ་ཡོན།

དཔྱིད་ཁའི་མེ་ཏོག་འགོ་མ། །

ཁ་བའི་ལྗོངས་སུ་བསླེབས་ནས། །

འཛམ་གླིང་བདེ་སྐྱིད་ཡོང་བར། །

ཡིད་ཀྱི་སྨོན་པ་བྱས་ཡོད། །

ད་ཡོད་གཉེན་ཉེ་མི་རྣམས། །

ལྷན་འཛོམས་སྤྲོ་བས་ཁེངས་ཡོད། །

སྙུག་ཤོག་དཀར་དཀར་སྟེང་ལ། །

རེ་བའི་གཤོག་ཟུང་ཁུར་བའི། །

དགའ་སྐྱོའི་གླུ་དབྱངས་རེ་ལ། །

ཁུ་བྱུག་གསུང་སྙན་འཛོམས་ན། །

དཔྱིད་དཔལ་ངག་གི་འདབ་མ། །

སེམས་ཀྱི་རྟེན་སྐལ་ཡིན་འགྲོ། །

ལྗང་མདོག་ས་ཞིང་གཞུང་ལ། །

ཚིག་ལ་ཚིག་གཤིས་ཡག་པ། །

ངག་ལ་ངག་དབྱངས་སྙན་པ། །

སྙན་ངག་མཁན་པོའི་ཞལ་ནས། །

དབྱངས་ཅན་དགྱེས་གླུ་ཐོས་བྱུང་། །

དཔྱིད་ཀྱི་དཔལ་ཡོན་རྒྱས་སོང་། །

རང་ལམ་ཁ་བས་གཡོགས་དུས། །

སེམས་ཀྱི་མཛའ་མོ་བོར་བྱུང་། །

མགྲིན་པའི་གླུ་སྐད་འགགས་པས། །

ཟླ་འོད་ཁྲོམ་པའི་ཟིལ་དབྱངས། །

ལག་ལ་འཐོབ་པ་བྱུང་ན། །

སྐྱོ་བའི་གདུང་བ་སེལ་འགྲོ། །

༼ ཁམས་ཟླ་སྲས། ༽