དཔག་བསམ་དོན་འགྲུབ་ཀྱིས་དཀར་མཛེས་རྫོང་ནོར་བུ་གླིང་སློབ་འབྲིང་གཉིས་པར་ཀྲུང་ཧྭ་མི་ཆོས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཆེད་དོན་འཆད་ཁྲིད་བྱས།
སྤྱི་ཟླ5པའི་ཚེས23ཉིན་གྱི་སྔ་དྲོར། ཞིང་ཆེན་རིམ་པའི་བོད་ཡིག་ཡིག་གཟུགས་བརྒྱུད་འཛིན་པ་དགེ་རྒན་དཔག་བསམ་དོན་འགྲུབ་ཀྱིས་དཀར་མཛེས་རྫོང་ནོར་བུ་གླིང་སློབ་འབྲིང་གཉིས་པར་ཀྲུང་ཧྭ་མི་ཆོས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཆེད་དོན་འཆད་ཁྲིད་བྱས། སློབ་གྲྭའི་བོད་ཡིག་ཡིག་གཟུགས་ལ་དགའ་བའི་སློབ་མ་དང་དགེ་རྒན་མང་པོ་སློབ་སྦྱོང་དུ་ཞུགས།
དཀར་མཛེས་རྫོང་ནོར་བུ་གླིང་སློབ་འབྲིང་གཉིས་པས་ཀྲུང་ཧྭའི་རིག་གནས་ཕུལ་བྱུང་ངོས་འཛིན་དང་རྒྱུན་འཛིན་བྱ་རྒྱུར་སྔར་བས་ཤུགས་རྒྱག་ཆེད་ཐེངས་འདིའི་བྱེད་སྒོ་བཀོད་སྒྲིག་བྱས་པ་ཡིན་ལ། ཐོག་མཐའ་བར་གསུམ་དུ་སློབ་མའི་གསོ་སྐྱོང་ལྔའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་དང་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་བྱ་རྒྱུ་དེའང་སློབ་གྲྭས་སྤེལ་བཞིན་པའི་ཚོགས་པའི་བྱེད་སྒོའི་གྲས་ཤིག་ཡིན་ལ། དེའི་དམིགས་ཡུལ་ནི་དགེ་སློབ་དེ་བས་མང་པོས་བོད་ཡིག་ཡིག་གཟུགས་ལ་དགའ་ཞེན་བྱ་རྒྱུར་སྐུལ་མ་གཏོང་བ་དང་སློབ་མར་གཞི་རྩའི་ཡིག་གཟུགས་འབྲི་རྩལ་ཁོང་དུ་ཆུད་རྒྱུར་ཁྲིད་སྟོན་བྱས་ཏེ་སློབ་མར་ཡིག་གཟུགས་འབྲི་བའི་གོམས་གཤིས་བཟང་པོ་འཇགས་པར་བྱ་རྒྱུ་དེ་རེད།
བོད་ཡིག་ཡིག་གཟུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་གཅེས་ནོར་ཞིག་ཡིན་པར་མ་ཟད། ཀྲུང་གོའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་འཛམ་གླིང་རིག་གནས་སྒྱུ་རྩལ་བང་མཛོད་ཀྱི་ཁྱད་མཚར་བའི་ནོར་བུ་ཞིག་ཀྱང་ཡིན། ཡིག་གཟུགས་སློབ་སྦྱོང་བྱས་པ་བརྒྱུད་ནས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་ལ་རྒྱུས་ལོན་དང་རྒྱུན་འཛིན་བྱ་ཐུབ།
དགེ་རྒན་དཔག་བསམ་དོན་འགྲུབ་ནི། སི་ཁྲོན་ཞིང་ཆེན་གྱི་བཟོ་རྩལ་མཁས་ཅན་དང་། སི་ཁྲོན་ཞིང་ཆེན་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ལས་འཛིན། སི་ཁྲོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་བོད་ཡིག་ཡིག་གཟུགས་བརྒྱུད་འཛིན་པ། དཀར་མཛེས་ནོར་བུ་གླིང་སློབ་འབྲིང་དང་པོའི་མཐོ་རིམ་དགེ་རྒན་བཅས་ཀྱི་འགན་གཅིག་ལྕོགས་སུ་འཁུར་བཞིན་ཡོད།།( ཨོ་རྒྱན་གྱིས་བྲིས། )