国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཆོ་འཕྲུལ་ཡིད་ཀྱི་རེ་སྨོན།

ས་ནག་གད་པ་ཅན་གྱི་ཁུག་སོ་ཞིག་ན། །

དཀར་ནག་ཁ་རྒྱན་ཅན་གྱི་རུ་སྡེ་ཆགས་ཡོད། །

ཞེ་ནག་ངོ་འཛུམ་ཅན་གྱི་དྲི་མ་མེད་པའི། །

སྲིད་པའི་འབྲོག་མི་ཞིག་གི་གཏམ་རྒྱུད་འཁྲུངས་ཡོད། །

སྦྲ་ནག་དུ་སྤྲིན་འཕྱོ་བའི་གཡང་ཁྱིམ་ཞིག་ན། །

ཡ་རབས་གྲོགས་སུ་བརྟེན་པའི་སྲོལ་བཟང་ཆགས་ཡོད། །

རྒྱུ་འབྲས་རླུང་ལ་སྐུར་བའི་ནག་ཉེས་མེད་པའི། །

སྲིད་པའི་འབྲོག་མི་ཞིག་གི་གཏམ་རྒྱུད་འཁྲུངས་ཡོད། །

ན་དམར་ས་ཆེན་བཀབ་པའི་འབྲོག་ཐང་ཞིག་ན། །

མཐུན་སྒྲིལ་ཨ་ལོང་ངར་མའི་མདུད་པ་ཆགས་ཡོད། །

ནང་དམེ་འཁྲུག་རྩོད་ཅན་གྱི་གཏམ་ངན་མེད་པའི། །

སྲིད་པའི་འབྲོག་མི་ཞིག་གི་གཏམ་རྒྱུད་འཁྲུངས་ཡོད། །

གཡང་ལུག་འབའ་སྒྲ་སྙན་པའི་འབྲོག་སྡེ་ཞིག་ན། །

སྲོལ་རྒྱུན་སྦྲ་ནག་གྲུ་བཞིའི་སྐྱེས་རབས་ཆགས་ཡོད། །

ཉ་ཉུང་མཉམ་དུ་བསྲེས་པའི་གླེན་རྟགས་མེད་པའི། །

སྲིད་པའི་འབྲོག་མི་ཞིག་གི་གཏམ་རྒྱུད་འཁྲུངས་ཡོད། །

གནག་ཕྱུགས་ངུར་དབྱངས་སྙན་པའི་ལྷས་འདབས་ཤིག་ན།།

གཡག་རྒོད་རོག་པོ་གང་གི་རྨིག་རྗེས་ཆགས་ཡོད། །

ཧྲིལ་དོར་ཧྲིལ་གྱིས་ལེན་པའི་ཨ་གསར་མེད་པའི། །

སྲིད་པའི་འབྲོག་མི་ཞིག་གི་གཏམ་རྒྱུད་འཁྲུངས་ཡོད། །

ན་ཐང་གོར་མོ་གན་གྱི་ཁ་ཟུར་ཞིག་ན། །

སྡེ་ཆེན་འབྲོག་རུ་ཞིག་གི་མཚེར་ཤུལ་ཆགས་ཡོད། །

མེས་པོའི་ཞབས་རྗེས་སྣུབ་པའི་སྲོལ་ངན་མེད་པའི། །

སྲིད་པའི་འབྲོག་མི་ཞིག་གི་གཏམ་རྒྱུད་འཁྲུངས་ཡོད། །

ཕར་རྒྱབ་ལ་ཆེན་གན་གྱི་དབུ་རྩེ་ཞིག་ན། །

ཡབ་ཆེན་ཚོང་ལ་ཐོན་པའི་བསྭོ་ཁ་ཆགས་ཡོད། །

ཕ་མེས་དཀའ་སྡུག་བརྗེད་པའི་སྔོ་ལོ་མེད་པའི། །

སྲིད་པའི་འབྲོག་མི་ཞིག་གི་གཏམ་རྒྱུད་འཁྲུངས་ཡོད། །

ཧ་ཧ་འདི་ཀོ་ཅི་རེད་རྨི་ལམ་ཨེ་ཡིན། །

རྨི་ལམ་བྲིས་སུ་བཏབ་པའི་ཆོ་འཕྲུལ་ཨེ་རེད། །

ཆོ་འཕྲུལ་བདེན་པར་སྣང་བའི་ན་ཆུང་འདི་ཡང་། །

སྲིད་པའི་འབྲོག་མི་གང་གི་རྒྱུད་པ་ཨེ་རེད། །

༼ སྤང་རྒྱན། ༽