国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞབས་བྲོ་ནི་ངའི་རྣམ་ཤེས་ཡིན།

མི་ཚེ་ཞབས་བྲོ་ལ་ཕུལ་པའི་དགེ་རྒན་ཀྲང་དབྱིན་གྱི་གནས་ཚུལ་རགས་བཀོད།

དགེ་རྒན་ཀྲང་དབྱིན་ལགས།

ཝུན་ཅང་གསེར་མདོག་ཁྲུང་ཁྲུང་སྐོར་བྲོ་རུ་ཁག་ལ་བྱ་དགའ་ཐོབ་པ།

དགེ་རྒན་ཀྲང་དབྱིན་ན་ཆུང་སྐབས་ཀྱི་འཁྲབ་སྟོན་འདྲ་པར།

ཀྲང་དབྱིན་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་ཁྲིད་པ་དང་།སི་ཁྲོན་ཞིང་ཆེན་ཞབས་བྲོ་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི།སི་ཁྲོན་ཞིང་ཆེན་མཐོ་རིམ་གོ་མིང་དཔྱད་གཅོད་གཏན་འབེབས་རིགས་གཅིག་མཁས་ཅན་ཚོ་ཆུང་གི་ཁོངས་མི་བཅས་ཡིན། 《གཉེན་སྟོན》དང་མི་གཉིས་ཀྱི་ཞབས་བྲོ《དར་མདོའི་མཛའ་གཞས།》《ཤར་ཕྱོགས་གླུ་བྲོ།》《འགྲོ་བ་བཟང་མོ》སོགས་ཀྱི་བརྩམས་ཆོས་ནང་འཁྲབ་སྟོན་གཙོ་བོ་བྱས་ནས་རྒྱལ་ཁབ་རིག་གནས་པུའུ་ཡི་འཁྲབ་སྟོན་ཕུལ་བྱུང་གི་བྱ་དགའ་དང་།སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་སྒྱུ་རྩལ་དུས་ཆེན་གྱི་འཁྲབ་སྟོན་ཡག་ཤོས་ཀྱི་བྱ་དགའ་དང་། འཁྲབ་སྟོན་ཨང་དང་པོ་དང་ཨང་གཉིས་པའི་བྱ་དགའ་སོགས་ཐོབ་པ་རེད། གླུ་གར་གྱི་སྙན་ངག་རི་མོ《དར་མདོའི་མཛའ་གཞས་ཀྱི་ཆོལ་ཁ》དང་།《གླིང་རྗེ་གེ་སར་རྒྱལ་པོ》ཡི་ཟློས་གར།《དར་མདོའི་མཛའ་གཞས》དང《ཁ་བཏགས་དམར་པོ།》《འཕོ་འགྱུར་གྱི་ལམ་བུ》སོགས་ཀྱི་བརྩམས་ཆོས་ནང་མི་སྣ་འཁྲབ་སྟོན་དང་གཙོ་སྒྲུབ་པའི་འགན་ཁུར་ཡོད། 1990ལོ་ནས་བཟུང་རང་ཚུགས་ཀྱིས་གསར་རྩོམ་ལ་ཞུགས་ནས་ཁོང་གིས་གསར་རྩོམ་བྱས་པའི་བརྩམས་ཆོས《དཔའ་བོ་འཁྲུངས་པ》དང་།《དྲན་ཤེས།》《ཆུ་འགོ་ལེན་པ།》《ཁུ་བྱུག་གི་སྙན་དབྱངས།》《ཆུ་མིག་འགྲམ།》《ཁམས་པའི་ཕོ་རྒོད།》《སྐོར་བྲོའི་རྣམ་ཤེས》སོགས་ལ་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྒྱུ་རྩལ་དུས་ཆེན་དང་།སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་སྒྱུ་རྩལ་དུས་ཆེན།རྒྱལ་ཡོངས་ཞབས་བྲོའི་འགྲན་ཆེན། སི་ཁྲོན་ཞིང་ཆེན་ཞབས་བྲོའི་འགྲན་ཆེན་སོགས་སུ་ཨང་དང་པོ་དང་གཉིས་པའི་བྱ་དགའ་ཐོབ་པར་མ་ཟད།སི་ཁྲོན་ཞིང་ཆེན་གྱི་ཚབ་ཞུས་ནས་ཐའེ་ཝན་དང་ཞང་ཀང་སོགས་སུ་རིག་གནས་སྒྱུ་རྩལ་སྤེལ་རེས་ཀྱི་འཁྲབ་སྟོན་ལ་ཞུགས་མྱོང་བ་རེད།

2024ལོའི་ལུགས་རྙིང་ལོ་གསར་མཇུག་འགྲིལ་རྗེས། རང་ཁུལ་གྱི་རྒྱལ་ཁབ་རིམ་པ་དང་པོའི་འཁྲབ་ཁྲིད་པ།དེ་སྔའི་ཁུལ་གླུ་གར་ཚོགས་པའི་དགེ་རྒན་ཀྲང་དབྱིན་ལགས་ཀྱི་གཏམ་བཟང་སླར་ཡང་འཛིན་མའི་ཁྱོན་འདིར་གྲགས་ཏེ།ཁོང་གིས་མཛུབ་ཁྲིད་གནང་བའི་ཝུན་ཅང་གསེར་མདོག་ཁྲུང་ཁྲུང་སྐོར་བྲོའི་རུ་ཁག་ལ2024ལོའི་ཐེན་ཧྥུ་དབྱིན་ཀོན་སི་ཁྲོན་བརྙན་འཕྲིན་ལུགས་རྙིང་ལོ་གསར་གྱི་དགོང་ཚོགས་ཐོག་བྱ་དགའ་ཐོབ་པ་དང་། བྱ་དགའ་དེས་དགེ་རྒན་ཀྲང་དབྱིན་གྱི་སློབ་ཁྲིད་ཀྱི་ཆུ་ཚད་དང་འཇོན་ཐང་སླར་ཡང་མངོན་པ་རེད།

དགེ་རྒན་ཀྲང་དབྱིན་ནི་དཀར་མཛེས་ཁུལ་ཉག་རོང་རྫོང་གི་མི་ཡིན། 1974ལོར།ཁུལ་གླུ་གར་ཚོགས་པ་ཉག་རོང་རྫོང་དུ་སློབ་མ་བསྡུ་བར་ཕྱིན་པ་དང་། མོའི་དགེ་རྒན་གྱིས་ཀྲང་དབྱིན་ངོ་སྤྲོད་བྱས་ཏེ་ཁུལ་གླུ་གར་ཚོགས་པར་ཞུགས་ཤིང་། ལོ་དེར་མོ་ལོ་བཅུ་བཞི་ལས་སོན་མེད། དགེ་རྒན་ཀྲང་དབྱིན་ཆུང་དུས་ནས་གློག་བརྙན་ནང་གི་བྱུང་རིམ་སོགས་ལ་དཔེ་བལྟས་ནས་གླུ་ལེན་བྲོ་འཁྲབ་བྱེད་པར་ཤིན་ཏུ་དགའ།ཁོང་རང་ཁུལ་གླུ་གར་ཚོགས་པའི་ནང་ཞུགས་པ་ནས་རང་ཉིད་མྱུར་དུ་ཚད་ལྡན་གྱི་ཞབས་བྲོའི་འཁྲབ་སྟོན་པ་ཞིག་ཏུ་འགྱུར་ཆེད།ཉིན་ལྟར་སྦྱོང་ཚན་གྱི་ལས་འགན་ལེགས་འགྲུབ་བྱས་པ་ཕུད།དགོང་མོར་མོ་གཅིག་པུར་ལྐོག་ཏུ་སྦྱོང་བརྡར་ཁང་དུ་སོང་ནས་མུ་མཐུད་དུ་སྦྱོང་བརྡར་བྱེད་བཞིན་ཡོད།

ཁུལ་གླུ་གར་ཚོགས་པ་ནས་དགེ་རྒན་ཀྲང་དབྱིན་སློབ་མ་ཞིག་ནས་འཁྲབ་སྟོན་པ་ཞིག་ཏུ་གྱུར་བ་དང་། གཞོན་ནུ་མ་ཞིག་ནས་བྱིས་པའི་ཨ་མ་ཞིག་ཏུ་གྱུར་བ་རེད། ཕྲུ་གུ་སྐྱེས་རྗེས།དགེ་རྒན་ཀྲང་དབྱིན་གྱིས་རང་ཉིད་ཀྱི་ལས་གནས་ལ་གཞོལ་ཞོར་ཁྱིམ་ཚང་ལ་ལྟ་རྟོག་བྱེད་དགོས་ཀྱང་རྒྱུན་པར་ཕྱི་རོལ་དུ་འཁྲབ་སྟོན་བྱེད་པར་འགྲོ་དགོས་པས་རང་གི་ཕྲུ་གུའི་འཚོ་བ་དང་སློབ་སྦྱོང་སོགས་ལ་སེམས་ཁུར་དང་བདག་སྐྱོང་ལེགས་པོ་ཐུབ་ཀྱི་མེད།

1980ལོར་ཁོ་རང་ཁྲེང་ཏུའུ་གྲོང་ཁྱེར་གླུ་གར་ཚོགས་པ་ནས་ཟློས་གར་ཆེ་གྲས《འགྲོ་བ་བཟང་མོ》ཡི་འཁྲབ་སྟོན་ལ་ཞུགས་པ་དང་།འཁྲབ་ཚན་གྱི་མི་སྣ་གལ་ཆེའི་འགན་བཞེས་པ་རེད། སྐབས་དེར་འཁྲབ་སྟོན་མཇུག་འགྲིལ་རྗེས།པཎ་ཆེན་སྐུ་ཕྲེང་བཅུ་པ་གར་སྟེགས་སུ་ཕེབས་ནས་འཁྲབ་སྟོན་མི་སྣ་རྣམས་དང་མཇལ་འཛོམས་གནང་བ་དང་། མཇལ་འཛོམས་གནང་རྗེས་པཎ་ཆེན་སྐུ་ཕྲེང་བཅུ་པས་དགེ་རྒན་ཀྲང་དབྱིན་དང་བོད་རིགས་འཁྲབ་སྟོན་པ་ཁ་ཤས་རང་ཉིད་ཀྱི་ཁྱིམ་དུ་གདན་དྲངས་ནས་བོད་ཀྱི་ལོ་རྒྱུས་སྐོར་དང་།དེ་བཞིན་རྒྱུན་པར་སློབ་སྦྱོང་ལ་ཞུགས་ནས་རྗེས་སུ་ལུས་མི་རུང་བ་ལ་སོགས་ཀྱི་གདམངས་ངག་དང་གསུང་བཤད་གང་མང་གནང་ཞིང་། པཎ་ཆེན་ལགས་ཀྱི་ཐུགས་བརྩེ་ཟབ་མོའི་གསུང་གི་བདུད་རྩིས་དགེ་རྒན་ཀྲང་དབྱིན་གྱི་མ་འོངས་པའི་ལམ་བུར་ཡིད་སྨོན་དང་འདུན་པ་ཇེ་ཆེར་དང་ཇེ་བརྟན་དུ་གྱུར།

ལོ10ཡི་གོང་དགེ་རྒན་ཀྲང་དབྱིན་ཁུལ་གླུ་གར་ཚོགས་པ་ནས་ལས་འཁྱུར་ངལ་གསོ་བྱས་ཏེ་ཝུན་ཅང་ནས་གཞིས་ཆགས། ཉེ་བའི་ལོ10ཡི་རིང་ལ་དགེ་རྒན་ཀྲང་དབྱིན་གྱིས་ཝུན་ཅང་ན་ཡོད་པའི་མི་རིགས་ཀྱི་ཞབས་བྲོ་འཁྲབ་པར་དགའ་མོས་ཡོད་མཁན་ཚོ་ལ་རིན་མེད་ངང་ཞབས་བྲོའི་སློབ་ཁྲིད་དང་ལེ་ཚན་སྒྲིག་པར་མཛུབ་ཁྲིད་གནང་བ་རེད། སློབ་མ་དེ་ཚོའི་ཁྲོད་ནས་ཝུན་ཅང་གསེར་མདོག་ཁྲུང་ཁྲུང་སྐོར་བྲོའི་རུ་ཁག་ནི་དེ་བས་འབུར་དུ་ཐོན་པ་ཞིག་ཡིན་ལ།ཁོ་ཚོའི་ཁྲོད་ལོ་ན་ཆེ་ཤོས་ནི65དང་།ཆུང་ཤོས་ལོ60ཡིན་པ་རེད།

2024ལོའི་ཐེན་ཧྥུ་དབྱིན་ཀོན་སི་ཁྲོན་བརྙན་འཕྲིན་ལུགས་རྙིང་ལོ་གསར་དགོང་ཚོགས་ཀྱི་གར་སྟེགས་ཐོག་ཝུན་ཅང་གསེར་མདོག་ཁྲུང་ཁྲུང་སྐོར་བྲོའི་རུ་ཁག་གིས་རྒྱུད་མངས་ཀྱི་སྙན་དབྱངས་དང་འགྲོགས་ནས་ལྡེམ་མྱུར་གྱི་སྟངས་སྟབས་མངོན་པས་ལྟད་མོ་བ་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་པ་དང་། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་བར་མ་ཆད་ཅིང་།གཟེངས་བསྟོད་ཀྱི་བྱ་དགའང་ཐོབ་པ་རེད།

བྱ་དགའི་དཔང་རྟགས་ཐོབ་པ་ན་འཁྲབ་སྟོན་པ་ཡོངས་ལ་སེམས་འགུལ་བའི་མིག་ཆུ་ལྷུང་བ་དང་། བྱ་དགའ་དེ་ནི་ལས་སླ་མོས་ཐོབ་པ་ཞིག་མ་ཡིན་ཏེ། 2023ལོའི་ཟླ་བ9པར་བྱེད་སྒོ་སྤེལ་འགོ་ཚུགས་པ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ21གི་རྒན་དར་སྒྱུ་རྩལ་ཚོགས་པ་ཉིས་སྟོང་ལྷག་དང་རིག་རྩལ་ལ་དགའ་མཁན་ཁྲི་གཉིས་ལྷག་གིས་ལུགས་རྙིང་ལོ་གསར་དགོང་ཚོགས་ཀྱི་ཐོག་མའི་དཔྱད་འདེམས་དང་བསྐྱར་འདེམས་བྱེད་སྒོའི་ནང་ཕུལ་དུ་བྱུང་བའི་སྒྱུ་རྩལ་གྱི་འཇོན་ཐང་དང་ཆེད་ལས་ཆུ་ཚད་མངོན་མཐར་དཔུང་ཁག17མཇུག་འགྲན་ནང་བདམས་པ་དང་། མཇུག་འགྲན་ལས་ཡུལ་དངོས་ནས་ཆེད་ལས་ཞིབ་དཔྱད་ཚོགས་པ་དང་སྨྱན་སྦྱོར་ཞིབ་དཔྱད་ཚོགས་པས་སྐར་གྲངས་ཕྱོགས་བསྡུས་དང་དཔྱད་ཞིབ་བྱས་པ་རེད།

ལས་འཁྱུར་ངལ་གསོ་བྱས་རྗེས་མི་མི་ཉུང་བ་ཞིག་གིས་ཚ་བོ་ཚ་མོ་སྐྱོང་བ་སོགས་རྒྱུན་ལྡན་གྱི་བྱ་བ་ཙག་ཙིག་ལ་མགོ་འཁོར་ནས་དུས་འདའ་བཞིན་ཡོད།འོན་ཀྱང་དགེ་རྒན་ཀྲང་དབྱིན་ལ་མཚོན་ན།ཞབས་བྲོ་དང་བྲལ་བ་ནི་སྲོག་དང་བྲལ་བ་ནང་བཞིན་ཡིན་པས། མི་རིགས་ཀྱི་ཞབས་བྲོར་དགའ་མོས་བྱེད་མཁན་ཇེ་མང་དུ་འགྲོ་བའི་སྐབས་དང་བསྟུན་ནས་མོས་ད་དུང་ཞབས་བྲོའི་འོས་འགན་སློབ་ཁྲིད་བྱ་རྒྱུའི་ཡིད་སེམས་འཁོར་བས་དགེ་རྒན་ཀྲང་དབྱིན་དང་ལས་རོགས་ཤིག་གིས་ཝུན་ཅང་དུ་ཞབས་བྲོའི་ལས་དོན་ཁང་ཞིག་བཙུགས་པ་རེད།

ལོ་གསར་པ་འགོ་ཚུགས་ཤིང་། དགེ་རྒན་ཀྲང་དབྱིན་གྱི་མི་རིགས་ཞབས་བྲོའི་ལས་དོན་ཁང་གིས་སློབ་མ་བསྡུ་འགོ་ཚུགས་སོང་། ལོ་ན་བདུན་ཅུར་ཉེ་བའི་དགེ་རྒན་ཀྲང་དབྱིན་གྱིས་སླར་ཡང་ཞབས་བྲོའི་གོམ་སྟབས་གསར་པ་འཁྲབ་འགོ་བརྩམས་སོང……། །

( མཁས་གྲུབ་ཀྱིས་བྲིས།)