ཁམས་ཕྱོགས་འབྲོག་པའི་ས་ཁུལ་དུ་དར་སྲོལ་ཆེ་བའི་ཡུལ་སྲོལ་གོམས་གཤིས་འདི་དག་ནི་མི་རིགས་གཞན་གྱི་རིག་གནས་དང་། གོམས་གཤིས་མ་འདྲེས་པའི་གནའ་བོའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རིག་གནས་ངོ་མ་དེ་ཡིན། མི་རིགས་སོ་སོའི་གནའ་བོའི་ལོ་རྒྱུས་མཚོན་བྱེད་ཀྱི་དངོས་ཤུལ་དངོས་ནི་གནའ་སྲོལ་རྒྱུན་མ་ཆད་པར་བྱུང་བའི་རིག་གནས་དེ་ཡིན། མི་རིགས་སོ་སོའི་ཡུལ་སྲོལ་གོམས་གཤིས་ནི་མི་རིགས་དེའི་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་ཡིན། དེས་ན་ལོ་ངོ་སྟོང་ཕྲག་མང་པོའི་གོང་གི་འཚོ་བའི་གོམས་གཤིས་མང་པོ་ཞིག་ཉེ་དུས་བར་འགྱུར་བ་མེད་པ་བོད་ཀྱི་འབྲོག་པའི་འཚོ་བའི་ནང་དུ་གནས་ཡོད་པར་མ་ཟད། འགའ་ཞིག་དེང་དུས་ཀྱི་བར་དུ་མ་ཉམས་པར་གནས་ཡོད།