国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དྲུག་གཅིག་བྱིས་པའི་དུས་ཆེན་བསུ་བའི་ལྷ་དར་དཀར་པོ།

བློ་ཡི་རྩྭ་ཐང་ཡངས་པོ་རུ།།

ཤེས་རིག་མྱུ་གུ་རྒྱས་པ་དང་།།

ལུས་ཀྱི་པད་གསར་གཞོན་ནུ་རྣམས།།

ལང་ཚོའི་མེ་ཏོག་མཛེས་བར་ཤོག།

སྣང་བའི་ནམ་མཁའ་ཡངས་པོ་རུ།།

ཡོན་ཏན་ཉི་ཟླ་ཚེས་པ་དང་།།

ལུས་ཀྱི་ལང་ཚོའི་འཁྲི་ཤིང་ལ།།

བདེ་ཐང་ཡལ་འདབ་རྒྱས་པར་ཤོག།

སེམས་པ་གངས་རི་དཀར་པོ་ལ།།

ལེགས་ཚོགས་དབུ་འཕང་མཐོ་བ་དང་།།

སྐུ་ལུས་དཔག་བསམ་ལྗོན་པ་ལ།།

ཤེས་རིག་འདབ་ལོ་རྒྱས་པར་ཤོག།

སེམས་གཤིས་དྭངས་གསལ་ཆུ་བོ་ལ།།

གཡོ་ལྷད་ནག་ནོག་མི་ཡོང་ཤོག།

ལང་ཚོ་མེ་ཏོག་པད་མ་ལ།།

སད་སེར་བར་ཆད་མེད་པར་ཤོག།

ས་སྟེང་ན་ཆུང་བྱིས་པ་དག།

བསམ་དོན་ཀུན་འགྲུབ་སྨོན་པ་དང་།།

ཁྱེད་ཅག་མ་འོངས་འཚོ་བའི་ཁྲོད།།

ཤེས་རིག་འོད་སྟོང་འབར་བར་ཤོག།

༼ རྡོ་རྗེ་ཐར་ལམ། ༽