གསར་སྐྱེ་ལང་ཚོའི་ཤེལ་དཀར་མེ་ལོང་། །
བློ་གསལ་རིག་པའི་རེ་ཁཱ་དྭངས་བའི། །
རེ་བའི་ཀློང་གི་ཉི་གཞོན་སེར་པོ། །
ཟོལ་མེད་ཚིག་འགའ་ཁྱོད་སར་སྤྲིངས་ན། །
ལྷད་མེད་བརྩེ་འདང་འོ་ཆུ་གཙང་ཞིང་། །
གང་ཡག་ཟས་གོས་ལོངས་སྤྱོད་སྟོབ་པའི། །
ཕ་མ་ཉི་ཟླའི་བསླབ་བྱ་ནོར་བུ། །
སེམས་ཀྱི་ཟབ་སར་གཅེས་པ་ཉོར་དང་། །
དབྱངས་གསལ་པདྨོའི་ལང་ཚོ་དར་ས། །
རིག་གསལ་འཕྲུལ་གྱི་སྒོ་མོ་ཕྱེ་ས། །
མཚར་སྡུག་ལྡན་པའི་སློབ་ར་ཆུང་ཆུང་། །
བསམ་པས་གཞིས་ཁྱིམ་དྲོད་མོར་བསྒོམ་རོགས། །
མ་རྨད་དྲན་རིག་བུམ་པ་བཟང་པོར། །
གནའ་དེང་ཤེས་བྱའི་སྨན་ཆབ་ལྡུག་སྟེ། །
མི་ཤེས་རྨོངས་པའི་ནད་ཀྱིས་མནར་བའི། །
རིས་མེད་སྤུན་མཆེད་བྱམས་ཀྱིས་བསྐྱང་དགོས། །
དྭངས་བའི་སེམས་ཀྱི་སྐྱེད་མོས་ཚལ་དུ། །
མི་གཞི་བཟང་པོའི་ཁམ་སྡོམ་བཙུགས་ཤིང་། །
བཟང་གསུམ་ཤེས་ཡོན་འབྲས་བུས་བརྒྱན་ཏེ། །
རིགས་ཀྱི་ཉམས་རྒུད་རྨང་ནས་སེལ་ཤོག །
རང་རིགས་སྐད་ཡིག་སྙིང་ལྟར་གཅེས་ཤིང་། །
རྒྱ་དབྱིན་སྐད་ཡིག་མིག་ལྟར་སྲུངས་དང་། །
འབྱུང་འགྱུར་འཚོ་བའི་ལམ་འཕྲང་དོག་མོར། །
ངལ་བའི་དཀའ་ཚེགས་ཁུར་པོ་ཡང་འགྲོ། །
སྲོལ་རྒྱུན་རིག་གནས་ཞེ་འདང་ཟབ་ཅིང་། །
ཚན་རྩལ་རིག་པར་མཐོང་རྒྱ་ཡངས་པའི། །
རེ་བའི་སྤྲིན་དཀར་རླབས་ཀྱི་ལྡེམ་འགྲོས། །
མ་བཅོས་མགྲིན་མཁར་དལ་གྱིས་འཕུར་སོང་། །
༼ དབྱངས་ལྡེའུ། ༽