国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འབྲོག་ཐང་གི་བྱིས་པ།

ཕ་མའི་འགྲམ་ནས་ལན་རེར་དགོད་ཅིང་ལན་རེར་ངུ་།།

ནོར་ཁྱུའི་རྗེས་ནས་སྐབས་རེར་སྐྱིད་ཅིང་སྐབས་རེར་སྐྱོ།།

རི་གྲོང་བར་ནས་མཚམས་རེར་དྲོ་ཞིང་མཚམས་རེར་འཁྱག།

འབྲོག་ཐང་བྱིས་པའི་སེམས་ཁམས་རླུང་ཁའི་དར་ལྕོག་འདྲ།།

མཐོ་ཞིང་བརྗིད་པའི་རི་བོའི་ཟོམ་དུ་འགོས་པར་དགའ།།

དཀར་ཞིང་གཙང་བའི་ཁ་བའི་འདབ་མ་འཛིན་འདོད་སྐྱེ།།

ཡངས་ཤིང་ཆེ་བའི་ས་གཞིའི་རྒྱ་ཁྱོན་གཞལ་གྲབས་བྱེད།།

འབྲོག་ཐང་བྱིས་པའི་སྣང་བ་དགུང་གི་འཇའ་དང་མཚུངས།།

གཡང་དཀར་ལུག་གི་ཤ་ཚིལ་ཟ་བཞིན་རྫ་སྒང་གཤག།

ཐུལ་དཀར་འབྲི་མོའི་འོ་མ་རྔུབ་ཀྱིན་སྤང་ཐང་འགྲིམ།།

ཅང་ཤེས་རྟ་ཕོ་ཆིབས་སུ་བཅིབས་ཏེ་ནོར་ལུག་འཚོ།།

འབྲོག་ཐང་འཚོ་བ་སྐྱིད་རུང་སྡུག་རུང་ཉམས་སུ་མྱོང་།།

རི་འདབས་ལྷུང་བའི་རྡོ་བ་དག་གིས་ཁང་པ་ལས།།

ཆར་ཆུའི་ཁྲོད་ཀྱི་ལྕི་འདམ་སྤུངས་ཏེ་སྦྲ་གུར་བཟོ།།

ཟིལ་བ་ཐོགས་པའི་འཇག་མ་རྩྭ་ཡིས་འཚོ་གཞིས་སྐྲུན།།

འབྲོག་ཐང་བྱིས་བློས་རྟོག་འཆར་རི་མོ་ཅི་ཡང་འབྲི།།

སྐྱ་རེངས་བཀྱགས་དུས་དབྱངས་གསལ་སོ་བཞི་ངག་ལ་གྱེར།།

ཉི་ཟེར་འཕྲོ་དུས་སུག་བཞིའི་ནོར་ལུག་རྗེས་སུ་སྙེག།

ས་སྲོད་ཚེས་དུས་ལྷས་ཀྱི་ཕྱི་ནང་བྱི་དོར་བགྱིད།།

འབྲོག་ཐང་བྱིས་པས་ཕ་མས་ཅི་གསུང་དང་དུ་ལེན།།

རྒྱུས་མེད་ཡུལ་ནས་ཕ་མ་དྲན་པའི་གདུང་བ་མེད།།

ཆ་མེད་མི་ཡིས་མགོ་སྐོར་ཐེབས་པའི་ཐུགས་ཁྲལ་མེད།།

བསམ་མེད་རྒན་གྱིས་ལྕགས་ཚན་གྲབས་པའི་སྔངས་སྐྲག་མེད།།

འབྲོག་ཐང་བྱིས་པ་རེ་དོགས་འཆིང་ལས་ཡོངས་སུ་གྲོལ།།

འདས་སོང་བྱ་གཞག་ཡིད་དུ་མི་འཁོར་རྒྱང་རིང་དོར།།

ད་ལྟའི་འཚོ་བའི་བཟའ་བཏུང་ཅི་བདོག་ལོངས་སུ་སྤྱད།།

མ་འོངས་མི་ཚེའི་རྒྱགས་ཕྱེ་འཚོལ་བར་སེམས་ཚེགས་མེད།།

འབྲོག་ཐང་བྱིས་པའི་མི་ཚེ་ཟེར་བ་སྐྱིད་ཀྱིས་འཚོ།།

༼ འཇོ་མདའ་པདྨ། ༽