སྟག་མ་ནི་སྡོང་པོ་ཐུང་བའི་ཤིང་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། སྡོང་པོ་ཅུང་ཆེ་ལ་མདོག་སྐྱ་ཞིང་མཁྲེགས་པ་དང་ཡལ་ག་མང་བ། ལོ་མ་ལྗང་ནག་ཡིན་པ་དང་མདའ་རྩེའི་དབྱིབས་སམ་སྒོང་དབྱིབས་ཀྱི་མཐའ་མཉམ་ཞིང་རྒྱབ་ཏུ་རྫ་སེར་རམ་རྫ་དམར་མདོག་གི་སྤུ་འཇམ་ལ་མཐུག་པ་ཡོད་ཅིང་། མདུན་ཀོང་ཙམ་ཡོད་ལ་གཞུང་རྒྱུག་གི་རྩ་རིས་རྒྱབ་ཏུ་འབུར་ཞིང་འཕྲེད་རྒྱུག་རྩ་རིས་མང་ལ་བྱ་སྒྲོ་འདྲ་བ་མདུན་དུ་གསལ་བ། ངར་བ་ཐུང་ལ་ཚགས་དམ་པ་སྡོང་པོ་དང་ཡལ་གའི་རྩེར་རེས་མོར་སྐྱེས་ཡོད། མེ་ཏོག་མང་ལ་མདོག་དཀར་ཞིང་དམར་མདངས་ཡོད་པ།འདབ་མ་ལྔ་ལྡན་སྡོང་པོ་དང་ཡལ་ག་རྣམས་ཀྱི་ལོ་མའི་དབུས་ནས་ཆུན་པོར་བཞད་ཡོད། སྟག་མ་ལ་མེ་ཏོག་གིས་ཕྱེ་བའི་དཀར་པོ་དང་དམར་པོ།སེར་པོ་ཆེ་ཆུང་སོགས་རིགས་མི་འདྲ་བ་མང་པོ་ཡོད།