国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






པཎྜི་ཏའི་མཉེན་ཆས་ཁག་དྲུག་འགྲེམས་སྤེལ་བྱས་འདུག།

སྤྱི་ཟླ5པའི་ཚེས25ཉིན། ཀྲུང་གོའི་བོད་སྐད་ཆ་འཕྲིན་ཐག་གཅོད་ཁྱབ་ཁོངས་ཀྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་ཉག་ཅིག་དེའི་པཎྜི་ཏའི་མུ་འབྲེལ་མཉེན་ཆས་འགྲེམས་སྤེལ་གྱི་ཚོགས་འདུ་མཚོ་སྔོན་ཟི་ལིང་དུ་འཚོགས་པ་དང་། ཚོད་ལྟ་ཁང་དེས་ཞིབ་འཇུག་གསར་སྤེལ་བྱས་པའི་པཎྜི་ཏའི་ཡིག་སྒྱུར་དང་། པཎྜི་ཏའི་མིང་མཛོད། པཎྜི་ཏའི་བཤེར་འབེབས། པཎྜི་ཏའི་འདྲ་པར་ཡིག་སྒྱུར། པཎྜི་ཏའི་ཚད་ལྡན་ཡིག་ཆ། པཎྜི་ཏའི་བོད་ལུགས་གསོ་རིག་བཅས་ཉེར་སྤྱོད་མཉེན་ཆས་ཁག6གཅིག་སྡུད་ཐོག་འགྲེམས་སྤེལ་བྱས་པ་རེད། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཞིང་ཆེན་དང་པུའུ་ཡིས་མཉམ་སྐྲུན་བྱས་པའི་བོད་སྐད་རིག་ནུས་ཆ་འཕྲིན་ཐག་གཅོད་དང་ཉེར་སྤྱོད་ཀྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་དེ་ནི་ཀྲུང་གོའི་བོད་སྐད་ཆ་འཕྲིན་ཐག་གཅོད་ཁྱབ་ཁོངས་ཀྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་ཉག་ཅིག་དེ་ཡིན་པ་དང་། ཚོད་ལྟ་ཁང་དེས་སྐད་གདངས་བཤེར་འབེབས་དང་། སྐད་གདངས་མཉམ་སྒྲིག སྐད་གདངས་ཡིག་སྒྱུར་སོགས་ཀྱི་འགག་རྩའི་ལག་རྩལ་འགག་གཏོར་བྱས་ཟིན་ཞིང་། སྐད་ཡིག་མི་འདྲ་བའི་མི་འཕྲུལ་ཕན་ཚུན་ཉེར་སྤྱོད་དང་། ཁྱབ་ཁོངས་མང་པོའི་འཕྲུལ་ཆས་ལོ་ཙཱ། རྟོག་བཟོའི་སྙན་སྒྲོན། སྐད་བརྡ་ཆེ་མོའི་དཔེ་དབྱིབས་སོགས་ཕྱོགས་མང་པོའི་ཉེར་སྤྱོད་ཐད་ཞིབ་འཇུག་བྱེད་བཞིན་ཡོད།

ད་ཐེངས་ཀྱི་འགྲེམས་སྤེལ་ཚོགས་འདུའི་ཐོག་བཏོན་པའི་མཉེན་ཆས་ཁག6གིས་སྦགས་མེད་རིག་རྩིས་དང་མི་ཐབས་རིག་ནུས་ཟུང་འབྲེལ་དམ་ཟབ་བྱས་ཡོད་པ་དང་། ཉེར་སྤྱོད་རང་བཞིན་གྱི་ནུས་པ་ཆེན་པོ་ལྡན་ཡོད་པས། མི་རིགས་ཁག་གི་མང་ཚོགས་ཀྱི་སློབ་སྦྱོང་དང་ལས་ཀ། འཚོ་བ་བཅས་ཀྱི་ལག་རོགས་ནུས་ལྡན་ཞིག་ཏུ་འགྱུར་རྒྱུ་རེད།

བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་ཉི་མ་བཀྲ་ཤིས་ཀྱིས། མཚོ་སྔོན་དགེ་འོས་སློབ་ཆེན་ནི་ཀྲུང་གོའི་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཞིབ་འཇུག་རྟེན་གཞི་གལ་ཆེན་གྱི་གྲས་ཡིན་ཞིང་། བོད་ཡིག་ཆ་འཕྲིན་ཐག་གཅོད་ཀྱི་འགག་རྩའི་ལག་རྩལ་ཁག་གཅིག་འགག་སྒྲོལ་བྱས་ཡོད་ལ། བོད་ཡིག་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་ཀྱི་གྲུབ་འབྲས་ཁག་གཅིག་ཀྱང་བསགས་ཡོད། ད་ཐེངས་འགྲེམས་སྤེལ་བྱས་པའི་ཉེར་སྤྱོད་མཉེན་ཆས་གསར་རྐྱང་དེ་དག་ནི་ཚོད་ལྟ་ཁང་གིས་ཉེ་བའི་ལོ་ཤས་རིང་བོད་ཡིག་གི་རང་བྱུང་སྐད་བརྡ་ཐག་གཅོད་ཁྱབ་ཁོངས་སུ་དཀའ་སྤྱད་འབད་བརྩོན་བྱས་པའི་གྲུབ་འབྲས་ཤིག་ཡིན་པས། བོད་ཡིག་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་གཏོང་རྒྱུར་གསོན་ཤུགས་གསར་པ་སྦྱིན་ཡོད་ཅེས་གསུངས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། པཎྜི་ཏའི་ཡིག་སྒྱུར་མཉེན་ཆས་ཀྱིས་ཐབས་ཇུས་མང་པོའི་འཕྲུལ་ཆས་ཡིག་སྒྱུར་གྱི་ལག་རྩལ་མཉམ་འདྲེས་བྱས་ཡོད་པས། བོད་ཡིག་གི་ཚིག་མཚམས་རང་བཞིན་གྱིས་གཅོད་ཐུབ་པ་དང་མིང་ཚིག་དབྱེ་འབྱེད་ཐུབ་པ་བྱུང་ཡོད་པས། བསྒྱུར་ཡིག་ཡང་དག་ཚད90%ཡན་ཟིན་ཡོད། པཎྜི་ཏའི་མིང་མཛོད་མཉེན་ཆས་ནང་མིང་ཚིག་ཁྲི70ལྷག་ཙམ་བསྡུས་ཡོད་ཅིང་། རགས་འཚོལ་དང་གནད་ཚིག་གི་རིག་འདེད་ནུས་པ་ལྡན་པས། བོད་རྒྱ་སྐད་ཡིག་གི་འཚོལ་བཤེར་དང་ཡི་གེའི་རང་འགུལ་ཞིབ་དཔྱད་ཚད་ལེན་ལས་སླ་པོར་མངོན་འགྱུར་བྱུང་ཡོད། པཎྜི་ཏའི་བཤེར་འབེབས་མཉེས་ཆས་ནང་དུ་རིག་ནུས་ཅན་གྱི་གནད་འཁེལ་བཤེར་འབེབས་དཔེ་དབྱིབས་བཅུག་ཡོད་པས། རྣམ་གཞག་མང་བ་དང་། ཡིག་གཟུགས་མང་བ། རྣམ་པ་མང་བ་བཅས་ཀྱི་བོད་ཡིག་དང་བོད་ཡིག་མཉམ་བསྲེས་པར་ངོས་ལ་ཞིབ་དཔྱད་ཚད་ལེན་དང་བཤེར་འབེབས་བྱེད་ཐུབ།

གཞན་ཡང་། པཎྜི་ཏའི་འདྲ་པར་ཡིག་སྒྱུར་མཉེས་ཆས་ཀྱིས་རྙོག་འཛིང་ཆེ་བའི་རི་མོའི་ཁྲོད་ཀྱི་བོད་ཡིག་ཆ་འཕྲིན་བསྡུ་ལེན་ཐུབ་པ་དང་། བཤེར་འབེབས་དང་ཡིག་སྒྱུར་བྱེད་ཐུབ་ཅིང་། འཕྲལ་བཤེར་འཕྲལ་སྒྱུར་ཐུབ་ཀྱི་ཡོད། པཎྜི་ཏའི་ཚད་ལྡན་ཡིག་ཆའི་མཉེན་ཆས་ནང་བོད་ཡིག་ཡིག་ཚགས་དཔྱད་འཚོལ་དང་། རིགས་དབྱེ་འགྲེམས་སྟོན། པར་རིས་དང་ཡི་གེ་ཞིབ་བསྡུར་སོགས་ཀྱི་ནུས་པ་གཅིག་ཏུ་འདུས་ཡོད་པས། སྤྱོད་མཁན་ལ་ཚད་ལྡན་ཡིག་ཆའི་ཐོན་ཁུངས་འབོར་ཆེན་མཁོ་འདོན་བྱེད་ཐུབ། པཎྜི་ཏའི་བོད་ལུགས་གསོ་རིག་མཉེན་ཆས་ཀྱིས་བོད་རྒྱ་སྐད་གཉིས་ཀྱི་གསོ་རིག་ཤེས་བྱའི་དཔེ་རིས་བསྡུ་སྒྲིལ་བྱས་ཡོད་པ་དང་། བོད་ཀྱི་གསོ་རིག་ཤེས་བྱ་འཚོལ་བཤེར་ཞབས་ཞུ་མཁོ་འདོན་བྱེད་ཐུབ་ཀྱི་ཡོད་པ་རེད།

ཉིན་དེར། ཚོད་ལྟ་ཁང་དེས་ད་དུང་ཁེ་ལས12དང་ཐོན་རྫས་བེད་སྤྱོད་ཀྱི་གྲོས་མཐུན་བཞག་པ་རེད། ( ཀྲུང་དབྱང་བོད་སྐད་རླུང་འཕྲིན་ནས་དྲངས། )