དྲིན་ཕ་མའི་སེམས་ཀྱི་མཁའ་ལ།།
ཆུང་བྱིས་པ་སྐར་མའི་མེ་ཏོག།
འཛུམ་གྱི་ལེར་སེམས་སུ་ཤར་ན།།
ཞེ་སྣང་བར་ཉི་ཟླ་ཚེས་ཡོང་།།
དུས་དེ་རིང་དྲུག་གཅིག་ཉིན་ལ།།
དྲིན་ཕ་མའི་སེམས་ཀྱི་ནོར་བུ།།
བོད་ཁ་བའི་གཅེས་ནོར་ཁྱེད་ཚོའི།།
བློ་རིག་པའི་སྐྱེད་ཚལ་ངས་བསྟོད།།
སེམས་གཙང་པོའི་བཞུར་རྒྱུན་ངས་སྨོན།།
ཆུང་བྱིས་པ་ཁོ་ནར་དབང་བའི།།
དུས་དྲུག་གཅིག་བྱིས་པའི་དུས་བཟང་།།
ལུས་ལྷུ་དྲུག་ཉམས་ལ་བསྒྱུར་ཏེ།།
ཡག་ལྟད་མོ་གར་གྱིས་བསུས་ཤོག།
རྒན་དམ་པའི་དྲན་པའི་ལྗོན་པར།།
ཆུང་སློབ་མ་བྱེའུ་ཆུང་གཤོག་འགྲིག།
གླིང་ཤེས་བྱའི་ཚལ་དུ་འཕུར་ན།།
ནང་བསམ་པར་དབྱར་ཁ་ཚེས་ཡོང་།།
དུས་དེ་རིང་དྲུག་གཅིག་ཉིན་ལ།།
ནང་ཕུ་ནུའི་ཡིད་ཀྱི་དཔུང་རོགས།།
གྲོགས་བཟང་པོའི་སེམས་པ་གླན་ཡ།།
གངས་དཀར་པོའི་བདག་པོ་ཁྱེད་ཚོའི།།
སེམས་ལྷད་མེད་དུང་དཀར་ངས་བསྟོད།།
ནང་གཤིས་བཟང་བལ་དཀར་ངས་སྨོན།།
ཆུང་བྱིས་པ་ཁོ་ནར་དབང་བའི།།
དུས་དྲུག་གཅིག་བྱིས་པའི་དུས་བཟང་།།
ངག་སྙན་མོའི་དབྱངས་ལ་བཀུགས་ཏེ།།
ཡག་རྟེན་འབྲེལ་གླུ་ཡིས་བསུ་ཤོག།
༼ ལོ་ཤུལ་བཀྲ་ནོར། ༽