国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བྱིས་གླུ་སྐྱ་ཀའི་ དབྱངས།

ཀ་ཁ་ག་ངའི་དབྱངས་རྟ། །

ང་དང་སློབ་གྲོགས་ཚང་མས། །

རྟག་ཏུ་ངག་ལ་གྱེར་བའི། །

དབྱངས་རྟ་སྙན་ཤོས་དེ་ཡིན། །

དབྱངས་རྟ་སྙན་མོ་དེ་ནི། །

སྔོན་བྱོན་མེས་པོ་དུ་མས། །

དཀའ་ངལ་ཁྱད་བསད་བྱས་ཏེ། །

གསར་དུ་བཏོད་པའི་དབྱངས་རེད། །

དབྱངས་དེ་དང་པོ་དཀྲོལ་མཁན། །

དགེ་བའི་བཤེས་གཉེན་ཡིན་རེད། །

བཤེས་གཉེན་དམ་པ་མེད་ན། །

དབྱངས་ཀྱི་འགྲོས་ཀྱང་མི་ཤེས། །

ང་ཡི་སློབ་གྲོགས་ལྷན་རྒྱས། །

བཤེས་གཉེན་བཟང་པོའི་དྲུང་དུ། །

ཀ་ཁའི་དབྱངས་རྟ་སྙན་མོའི། །

འགྱུར་ཁུགས་མཉན་པར་ཆས་འགྲོ། །

ང་ཡི་བརྩེ་བའི་སློབ་གྲོགས། །

ཁྱེད་རང་ཐུགས་ཁྲལ་མི་དགོས། །

བཤེས་གཉེན་དྲུང་དུ་འབྱོར་ན། །

ཡོད་ཚད་ག་ལེར་རྟོགས་འོང་། །

ལག་ཟུང་དམ་པོར་འཁྱུད་ནས། །

མ་འོངས་རྒྱང་གླུ་ལེན་བཞིན། །

ང་ནི་སློབ་གྲོགས་ཚོ་དང་། །

རྒྱལ་ཁམས་བསྐོར་ནས་འགྲོ་འདོད།།

བསམས་ནས་བསྡད་ན་མི་ཡོང་། །

བསྒོམས་ནས་བསྡད་ན་ཅི་འགྲུབ། །

འབད་པས་ལམ་བུ་གཤགས་ཏེ། །

ང་ཚོ་ལྷན་དུ་ཆས་འགྲོ། །

༼ ཨོ་ཏོག་བསྟན་ཉི། ༽