“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་བ་དང་བསྟུན་ནས། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དཔལ་ཡུལ་རྫོང་འཛིང་ཁོག་ཡུལ་ཤོག་ལྟེ་བའི་སློབ་ཆུང་དུ་ཕེབས་ནས་བྱིས་པ་ཚོར་དུས་ཆེན་གྱི་འཚམས་འདྲི་གནང་བ་དང་སློབ་གྲྭའི་དགེ་སློབ་དང་མཉམ་དུ་དགའ་སྤྲོའི་ངང་དུས་ཆེན་རོལ་བ་རེད། ཁོང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་ཁུལ་ཡོངས་ཀྱི་བྱིས་པ་རྒྱ་ཆེན་ལ་དུས་ཆེན་གྱི་བཀྲ་ཤིས་རྟེན་འབྲེལ་ཞུ་བ་དང་དགེ་རྒན་དང་སློབ་གསོའི་ལས་དོན་པ་རྒྱ་ཆེན་ལ་ལྷག་བསམ་ཟོལ་མེད་ངང་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཁུལ་ཡོངས་ཀྱི་བྱིས་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་སྟོན་བློ་ལ་བརྟན་པོར་ངེས་ནས་ཀུན་སྤྱོད་དང་བློ་རིག། ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བའི་དུས་རབས་གསར་པའི་བྱིས་པ་བཟང་པོ་ཞིག་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཁྲོད་གོ་ཆོད་པ་དང་ལས་འགན་ལྕི་པོ་འཁུར་ཐུབ་པའི་རྐང་འཛིན་ཤེས་ལྡན་མི་སྣར་འགྱུར་གང་ཐུབ་དང་། འབྱུང་འགྱུར་མེས་རྒྱལ་རླབས་པོ་ཆེ་དང་མཛེས་སྡུག་ལྡན་པའི་ཕ་ཡུལ་སྔར་བས་ལེགས་པར་འཛུགས་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
དཔལ་ཡུལ་རྫོང་འཛིང་ཁོག་ཡུལ་ཤོག་ལྟེ་བའི་སློབ་ཆུང་གིས་རིག་ལྡན་ཅན་དང་ཆ་འཕྲིན་ཅན་སློབ་གསོ་སློབ་ཁྲིད་དུ་དྲངས་ནས་མཐོ་སྒང་གི་བྱིས་པར་སྤུས་ལེགས་སློབ་གསོ་ཐེབས་སུ་བཅུག་ཡོད། ཧྲེན་དབྱང་སློབ་གྲྭར་ཕེབས་ནས་སློབ་གསོ་སློབ་ཁྲིད་དང་སློབ་གྲྭའི་རིག་གནས་འཛུགས་སྐྱོང་། དགེ་སློབ་ཞག་སྡོད་ཆ་རྐྱེན་སོགས་ཀྱི་གནས་ཚུལ་ལ་ཆ་རྒྱུས་ཞིབ་ཕྲ་བླངས་ཤིང་། བྱིས་པ་ཚོ་དང་ཁ་བརྡ་ལབ་ནས་ཁོ་ཚོའི་སློབ་སྦྱོང་གནས་ཚུལ་ཆ་རྒྱུས་ལོན་རྗེས། ཁོ་ཚོར་ཆུང་དུས་ནས་ཕུགས་འདུན་ཆེན་པོ་བཅངས་ཏེ་འབད་པས་སློབ་སྦྱོང་བྱས་ཏེ། སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཚད་ལྡན་ཞིག་བྱ་རྒྱུའི་ལྕག་སྐུལ་གནང་བ་དང་ཆབས་ཅིག་བྱིས་པ་ཚོ་སྐྱོན་བྲལ་འཚར་ལོངས་ཡོང་བའི་སྨོན་འདུན་ཞུས་པ་རེད། ཧྲེན་དབྱང་གིས་ད་དུང་སློབ་གྲྭར་སློབ་གསོའི་གཡུལ་ས་གཙོ་བོའི་ནུས་པ་གང་ལེགས་བཏོན་ནས་ཀུན་སྤྱོད་བཟང་པོར་ཆགས་པ་དང་མི་གསོ་སྐྱོང་བྱ་རྒྱུ་དེ་རྩ་བའི་ལས་འགན་དུ་བརྩིས་ཏེ་སློབ་ཁྲིད་ཀྱི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། སློབ་ཁྲིད་བྱེད་སྟངས་གསར་གཏོད། སློབ་མ་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་བསྐུལ་ཏེ་མི་དམངས་ཀྱི་བློར་བབ་པའི་སྤུས་ཚད་མཐོ་བའི་སློབ་གསོ་ཞིག་ལྷག་བསམ་རྣམ་དག་གིས་ལེགས་པར་གཉེར་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཧྲེན་དབྱང་གིས་ནན་གསུང་གནང་དོན། སློབ་གསོས་རྒྱལ་ཁབ་ཀྱི་འབྱུང་འགྱུར་དང་མི་དམངས་ཀྱི་རེ་སྒུག་མཚོན་ཡོད། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་སློབ་གསོ་དམིགས་སུ་བཀར་ནས་འཕེལ་རྒྱས་གཏོང་བའི་གོ་གནས་སུ་འཇོག་པ་རྒྱུན་འཁྱོངས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྐྱོང་བའི་མཐོ་ཚད་ནས་སེམས་ཤུགས་ཆེན་པོས་ལོ་ཆུང་བྱིས་པ་བདེ་ཐང་འཚར་ལོངས་དང་འཇོན་ཐང་ལྡན་པ་ཡོང་བར་ཁོར་ཡུག་བཟང་པོ་བསྐྲུན་ཏེ། དཀའ་ངལ་ཡོད་པའི་ཁྱིམ་ཚང་དང་ལྷག་པར་དུ་དྭ་ཕྲུག་དང་བྱིས་པ་དབང་པོ་སྐྱོན་ཅན་ལ་སེམས་ཁུར་དང་རོགས་རམ་བྱས་ནས་བྱིས་པ་ཚང་མ་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེན་པོའི་ནང་དུ་བདེ་ཐང་འཚར་སྐྱེས་ཡོང་བ་བྱ་དགོས། ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་སློབ་གསོ་ལས་དོན་པས་ཏང་གི་ཆེད་དུ་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་སྐྱོང་བའི་ཐོག་མའི་བསམ་འདུན་དང་ལས་འགན་བརྟན་སྲུང་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་སྲ་བརྟན་དུ་གཏང་རྒྱུས་གཙོས་བྱས་ནས་བསམ་བློ་དང་ཆབ་སྲིད། སློབ་གསོ་བཅས་གཞི་གཅིག་ཅན་འཛུགས་པར་སྔར་བས་བསྐུལ་ཏེ། མེས་རྒྱལ་གྱི་མེ་ཏོག་ལ་གཅེས་སྐྱོང་དང་སློབ་གསོ་ཡག་པོ་ཧུར་ཐག་གཉེར་ཏེ་བྱིས་པ་ཚོར་མི་ཚེའི་གོམ་ཁ་དང་པོ་ཡག་པོ་སྤོ་ཐུབ་པ་རོགས་རམ་བྱ་དགོས།།
( ལྷ་འཛོམས་ཀྱིས་བསྒྱུར།)