国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( པར་ངོས་དང་པོར་མཐུད།)

ཞི་ཅིན་ཕིང་གིས་པ་རེན་གྱི་རྒྱལ་པོ་ཧ་མཱ་ཏེ་དང་། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས། ཐུ་ནི་སིའི་ཙུང་ཐུང་སའེ་དབྱི་ཏེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མོ་ཏེ། ཨ་རབ་མནའ་འབྲེལ་གྱི་དྲུང་ཆེ་ཀའེ་ཐེ་བཅས་དང་དེ་བཞིན་ཨ་རབ་རྒྱལ་ཁབ་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ22དང་རེ་རེ་བཞིན་ཕྱག་བཏང་གནང་བ་དང་འབྲེལ་དྲན་རྟེན་སྐུ་པར་མཉམ་སྐྱོན་གནང་།

སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་ཞི་ཅིན་ཕིང་གིས 《མཉམ་ལས་གཏིང་ཟབ་དང་སྔ་འཛིན་ཕྱི་གཏོད་བྱས་ཏེ་ཀྲུང་ཨའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་མྱུར་ཚད་མགྱོགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས》ཞེས་པའི་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཀྲུང་གོའི་མི་དམངས་དང་ཨ་རབ་རྒྱལ་ཁབ་དང་མི་དམངས་བར་གྱི་མཛའ་གཅུགས་ནི་དར་གོས་གནའ་ལམ་གྱི་མཛའ་གྲོགས་འགྲོ་འོང་དང་། མི་རིགས་བཅིངས་འགྲོལ་བརྩོན་ལེན་སྐབས་དཔུང་པ་མཉམ་གཤིབ་ཀྱིས་འཐབ་པ་དང་། རྒྱལ་ཁབ་འཛུགས་སྐྲུན་གྱི་འཕེལ་རིམ་ཁྲོད་མཉམ་ལས་གཉིས་ཕན་བཅས་ལས་བྱུང་ཡོད། དུས་རབས་གསར་པ་ནས་བཟུང་ཀྲུང་ཨའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་ཡོད། 2022ལོའི་ཟླ་བ12པར། ང་རང་སོ་ཏི་ཨ་རབ་ཀྱི་རི་ཡ་ཏེར་ཀྲུང་ཨའི་དབུ་ཚོགས་སྐབས་དང་པོར་ཞུགས་པ་ཡིན། ཀྲུང་ཨ་ཕྱོགས་གཉིས་པོས་དུས་རབས་གསར་པར་ཕྱོགས་པའི་ཀྲུང་ཨའི་ལས་དབང་གཅིག་མཐུན་ཚོགས་པ་ནུས་ཤུགས་ཡོད་རྒུས་གཏོད་པར་མོས་མཐུན་མགྲིན་གཅིག་ཏུ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་རྒྱལ་ཁབ་ཕྱོགས་དང་མཉམ་དུ་དབུ་ཚོགས་ཀྱི་འཐབ་ཇུས་སྣེ་ཁྲིད་ཀྱི་ནུས་པ་ཡག་པོ་བཏོན་ནས་ཀྲུང་ཨའི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་རྒྱུན་མཐུད་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས2026ལོར་ཀྲུང་གོར་ཀྲུང་ཨའི་དབུ་ཚོགས་སྐབས་གཉིས་པ་འཚོག་རྒྱུ་ཡིན་པ་དེས་ཀྲུང་ཨའི་འབྲེལ་བའི་ལམ་ཚད་རྡོ་རིང་གཞན་ཞིག་ཏུ་འགྱུར་ངེས་ཡིན་པའི་ཡིད་ཆེས་ཡོད།

ཞི་ཅིན་ཕིང་གིས་ནན་གསུང་བཤད་གནང་དོན། མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་རིང་གི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཚང་མས་རང་སོ་སོའི་མི་རིགས་དར་རྒྱས་མངོན་འགྱུར་དང་རྒྱལ་ཁབ་འཛུགས་སྐྲུན་མགྱོགས་སུ་གཏོང་བའི་དུས་རབས་ཀྱི་ལས་འགན་ཕྲག་ཏུ་འཁུར་ཡོད། ཀྲུང་ཨའི་ལས་དབང་གཅིག་མཐུན་ཚོགས་པ་བཙུགས་པ་ལས་ང་ཚོས་ཀྲུང་ཨའི་འབྲེལ་བའི་དུས་རབས་གསར་པ་འབྱེད་པ་དང་མཛེས་སྡུག་ལྡན་པའི་འཛམ་གླིང་གི་འབྱུང་འགྱུར་གསར་པ་གཏོད་པའི་ཐུན་མོང་གི་བསམ་འདུན་མཚོན་གྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་རྒྱལ་ཁབ་དང་མཉམ་དུ་ཕན་ཚུན་ལྟ་སྐྱོང་དང་། འདྲ་མཉམ་གཉིས་ཕན། ཁོང་ཡངས་དང་མིག་དཔེར་འཛིན་རེས། མཉམ་ལས་དམ་ཟབ་བཅས་བྱས་ནས་ཀྲུང་ཨའི་འབྲེལ་བ་དེ་འཛམ་གླིང་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ཚད་གཞི་དང་། སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མ་དཔེ། ཤེས་དཔལ་མི་འདྲ་བ་ཞི་མཐུན་མཉམ་གནས་ཀྱི་མིག་དཔེ། གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་ཐབས་ལམ་ཡང་དག་འཚོལ་ཞིབ་བྱེད་པའི་མིག་དཔེ་བཅས་སུ་གཏོད་འདོད་ཡོད།

ཞི་ཅིན་ཕིང་གིས་གསུངས་དོན། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྒྱུད། ངས་ཀྲུང་ཨ་དབུ་ཚོགས་སྐབས་དང་པོའི་རིང་བཏོན་པའི་ཀྲུང་ཨའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བའི“ཐུན་མོང་གི་བྱ་སྤྱོད་ཆེན་པོ་བརྒྱད”ལ་དུས་འགོའི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེ་རྨང་གཞིར་བྱས་ནས་ཨ་རབ་ཕྱོགས་དང“མཉམ་ལས་ཀྱི་རྣམ་པ་ཆེན་པོ་ལྔ”བཏོད་དེ་ཀྲུང་ཨའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་མྱུར་ཚད་མགྱོགས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་དེ། གཅིག་ནི་གསོན་ཤུགས་དེ་བས་ཆེ་བའི་གསར་གཏོད་ལ་སྐུལ་འདེད་གཏོང་བའི་རྣམ་པ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་རྒྱལ་ཁབ་ཕྱོགས་དང་མཉམ་དུ་ཚེ་སྲོག་བདེ་ཐང་དང་། མི་ཐབས་རིག་ནུས། ལྗང་མདོག་ཐཱན་ཉུང་། དེང་རབས་ཞིང་ལས། བར་སྣང་ཆ་འཕྲིན་སོགས་ཁྱབ་ཁོངས་སུ་མཉམ་འབྲེལ་ཚོད་ལྟ་ཁང10མཉམ་དུ་བསྐྲུན་རྒྱུ་དང་། མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བརྒྱབ་སྟེ་མི་ཐབས་རིག་ནུས་ཀྱིས་དངོས་ཚན་དཔལ་འབྱོར་ལ་ནུས་པ་སྦྱིན་པར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ལྡན་པའི་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་མ་ལག་ཆགས་པར་སྐུལ་འདེད་གཏང་རྒྱུ། བར་སྣང་ཧྲུག་ལྷེབ་ལ་མཉམ་འབྲེལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལྟེ་གནས་དང་བྱང་སྐར་བཀོལ་སྤྱོད་མཉམ་ལས་འཕེལ་རྒྱས་ལྟེ་གནས་མཉམ་དུ་བསྐྲུན་ནས་མི་བཞུགས་འཇིག་རྟེན་འཕུར་སྐྱོད་དང་དམངས་སྤྱོད་འགྲུལ་སྐྱེལ་གནམ་གྲུ་སོགས་ཀྱི་མཉམ་ལས་ལ་ཤུགས་བརྒྱག་རྒྱུ་བཅས་རེད། གཉིས་ནི་གཞི་ཁྱོན་དེ་བས་ཆེ་བའི་མ་འཇོག་དངུལ་རྩའི་རྣམ་པ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་རྒྱལ་ཁབ་ཕྱོགས་དང་མཉམ་དུ་ཐོན་ལས་དང་མ་འཇོག་མཉམ་ལས་གླེང་སྟེགས་བཙུགས་ནས་ཕྱོགས་གཉིས་པོའི་དངུལ་རྩའི་སྒྲིག་གཞིས་མཉམ་ལས་ལ་ཤུགས་བརྒྱག་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། ཨ་རབ་རྒྱལ་ཁབ་ཕྱོགས་ཀྱི་དངུལ་ཁང་སྒྲིག་གཞི་མི་དམངས་ཤོག་སྒོར་རྒྱལ་སྒྲོལ་གཏོང་སྤྲོད་ཞིབ་རྩིས་མ་ལག་ནང་ཞུགས་ནས་ཀྲུང་དབྱང་དངུལ་ཁང་གིས་གྲངས་འཛིན་དངུལ་ལོར་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་བྱེད་པར་དགའ་བསུ་ཞུ་འདོད་ཡོད། གསུམ་ནི་དེ་བས་ཕྱོགས་བསྡུས་ཀྱི་ནུས་རྒྱུའི་མཉམ་ལས་རྣམ་པ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་མཉམ་དུ་སྣུམ་རླངས་ཁྱབ་ཁོངས་ཀྱི་འཐབ་ཇུས་མཉམ་ལས་ལ་སྔར་བས་ཤུགས་བརྒྱབ་སྟེ་ནུས་རྒྱུ་གསར་པའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་སྒྲིག་ཆས་ཐོན་སྐྱེད་མཉམ་དུ་བྱ་རྒྱུ་དང་། ཀྲུང་གོའི་ནུས་རྒྱུའི་ཁེ་ལས་དང་དངུལ་རྩའི་སྒྲིག་གཞི་ཨ་རབ་རྒྱལ་ཁབ་ཏུ་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་རྣམ་གྲངས་ནང་ཞུགས་པར་རྒྱབ་སྐྱོར་བྱ་རྒྱུ་རེད། བཞི་ནི་དེ་བས་དོ་སྙོམས་ཀྱི་དཔལ་འབྱོར་ཚོང་དོན་གཉིས་ཕན་རྣམ་པ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨའི་འཕེལ་རྒྱས་མཉམ་ལས་རྣམ་གྲངས་ལག་བསྟར་བྱ་རྒྱུར་མུ་མཐུད་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཕྱོགས་གཉིས་དང་ས་ཁོངས་ཀྱི་རང་མོས་ཚོང་དོན་གྲོས་མཐུན་གྱི་གྲོས་མོལ་བྱེད་མགྱོགས་སུ་གཏོང་བ། དྲྭ་ཐོག་ཚོང་དོན་གྱི་མཉམ་ལས་སྐད་ཆ་ཤོད་རེས་ལམ་སྲོལ་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་རྒྱལ་ཁབ་ཕྱོགས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ནང་ཧུར་ཐག་ཞུགས་པར་དགའ་བསུ་ཞུ་རྒྱུ་དང་ཨ་རབ་རྒྱལ་ཁབ་ནས་ནུས་རྒྱུའི་རིགས་མིན་པའི་ཐོན་རྫས་དང་ལྷག་པར་དུ་ཞིང་ལས་དང་བཟའ་བཅའི་ཐོན་རྫས་ནང་འདྲེན་བྱེད་ཚད་མང་དུ་གཏོང་འདོད་ཡོད། ལྔ་ནི་དེ་བས་རྒྱ་ཆེ་བའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་རྣམ་པ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་རྒྱལ་ཁབ་ཕྱོགས་དང་མཉམ་དུ “གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོའི་ཀྲུང་གོ་དང་ཨ་རབ་ལྟེ་གནས”བཙུགས་ནས་རིག་མཛོད་མནའ་འབྲེལ་དང་། གཞོན་ནུའི་འཕེལ་རྒྱས་གླེང་སྟེགས། སློབ་ཆེན་མནའ་འབྲེལ། རིག་གནས་དང་ཡུལ་སྐོར་མཉམ་ལས་ཞིབ་འཇུག་ལྟེ་གནས་སོགས་ཀྱི་ལས་སྟེགས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལོ་ལྟར་ཨ་རབ་རྒྱལ་ཁབ་ཕྱོགས་ཀྱི་སྲིད་ཏང་གི་འགོ་ཁྲིད་པ200ཀྲུང་གོར་འཚམས་འདྲིར་གདན་ཞུ་དང་འབྱུང་འགྱུར་ལོ5ཡི་ནང་ཡུལ་སྐོར་བ་ཁྲི1000ཕན་ཚུན་འགྲོ་འོང་བྱ་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན།

ཞི་ཅིན་ཕིང་གིས་གསུངས་དོན། དབུས་ཤར་ས་ཁུལ་ནི་འཕེལ་རྒྱས་ཀྱི་ཞིང་ས་གཤིན་པོ་ཡིན་མོད། འོན་ཀྱང་ས་ཆ་དེའི་ཐོག་དམག་འཁྲུག་གི་མེ་ལྕེ་སྔར་བཞིན་འབར་བཞིན་ཡོད། དམག་འཁྲུག་མཚམས་ཚོད་མེད་པ་རྒྱག་མི་རུང་ལ། དྲང་བདེན་ཡང་གཏན་ནས་མེད་པ་བྱེད་མི་རུང་། “རྒྱལ་ཁབ་གཉིས་པོའི་ཇུས་གཞིར”དེ་བས་ཀྱང་གང་འདོད་དུ་འགྱུར་ལྡོག་གཏོང་མི་རུང་། ཀྲུང་གོ་ཕྱོགས་ཀྱིས1967ལོའི་མཐའ་མཚམས་རྨང་གཞིར་བྱེད་པ་དང་། ཤར་ཅེ་རུས་ས་ལེམ་རྒྱལ་སར་བྱེད་པ་དང་བདག་དབང་རྦད་དེ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་རང་བཙན་གྱི་ཕ་ལེ་སི་ཐན་རྒྱལ་ཁབ་འཛུགས་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཕ་ལེ་སི་ཐན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ལ་དངོས་སུ་འགྱུར་བར་རྒྱབ་སྐྱོར་བྱེད་པ། གཞི་ཁྱོན་དེ་བས་ཆེ་བ་དང་། དབང་གྲགས་དེ་བས་ཆེ་བ། ཕན་འབྲས་དེ་བས་ཆེ་བ་བཅས་ལྡན་པའི་རྒྱལ་སྤྱིའི་ཞི་བདེའི་གྲོས་ཚོགས་འཚོག་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཅ་ཧྲའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཞི་ལྷོད་དུ་གཏང་རྒྱུ་དང་དམག་འཁྲུག་རྗེས་ཀྱི་བསྐྱར་སྐྲུན་ལ་མུ་མཐུད་རྒྱབ་སྐྱོར་དང་ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་རྒྱུ་ཡིན།

ཞི་ཅིན་ཕིང་གིས་མཇུག་ཏུ་གསུངས་དོན། ཨ་རབ་ཀྱི་གཏམ་དཔེ་ལྟར། གྲོགས་པོ་ནི་འཚོ་བའི་ཁྲོད་ཀྱི་ཉི་འོད་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཨ་རབ་ཀྱི་གྲོགས་པོ་དང་མཉམ་དུ་ཀྲུང་ཨའི་མཛའ་གྲོགས་སྙིང་སྟོབས་དར་སྤེལ་བཏང་ནས་མཐུན་སྒྲིལ་མཉམ་གནས་ངང་འབྱུང་འགྱུར་བཏོད་དེ་ཀྲུང་ཨའི་ལས་དབང་གཅིག་མཐུན་ཚོགས་པའི་ལམ་ཆེན་ལ་ཉི་འོད་ཀྱིས་ཁེངས་པ་བྱ་རྒྱུ་ཡིན། པ་རེན་གྱི་རྒྱལ་པོ་ཧ་མཱ་ཏེ་དང་། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས། ཐུ་ནི་སིའི་ཙུང་ཐུང་སའེ་དབྱི་ཏེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མོ་ཏེ། ཨ་རབ་མནའ་འབྲེལ་གྱི་དྲུང་ཆེ་ཀའེ་ཐེ་བཅས་ཀྱིས་ཤིས་ཚིག་གསུངས་པ་རེད། ཚའེ་ཆི་གོང་གི་བྱེད་སྒོར་ཞུགས་པ་རེད།།

( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)