སྟོང་ཁོག་སྡེ་ཁུལ་ནི་དཀར་མཛེས་རྫོང་མི་རིགས་ལག་ཤེས་བཟོ་རྩལ་གྱི་འབྱུང་ཡུལ་གལ་ཆེན་གྱི་གྲས་ཤིག་ཡིན་ལ། སྟོང་ཁོག་ལག་བཟོ་ནི་ཁམས་བྱང་ས་ཁོངས་སུ་སྐད་གྲགས་ཁྱབ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ལག་རྩལ་ཟོང་རྟགས་ཡིན། དེའི་ཁྲོད་དུ་གཟུགས་མེད་རིག་གནས་ཤུལ་བཞག་གི་བཟོ་རྩལ་པ་དམིགས་བསལ་བ་ཞིག་ཡོད་པ་སྟེ། ཁོའི་མིང་ལ་ངག་དབང་བཀྲ་ཤིས་ཟེར། ཁོས་ལག་གཡོན་པས་ལོ་ངོ་སྟོང་ལྡན་གྱི་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་དར་སྤེལ་བཏང་ཞིང་། འཇིག་རྟེན་གྱི་ངོ་མཚར་ཇི་སྙེད་རི་མོའི་གཟུགས་སུ་བཀོད། མི་ཚེ་དཀའ་ཚེགས་ཆེ་ཡང་པིར་རྩལ་ནས་གནའ་བོའི་སྒྱུ་རྩལ་ལ་འོད་མདངས་གསར་པ་འཚེར་དུ་བཅུག་ཡོད།
ལག་གཡས་ཆད་པའི་ལས་དབང་སྐྱོ་ན་ཡང་།། སྙིང་སྟོབས་ཞུམ་མེད་ཕུགས་འདུན་དོན་དུ་གཉེར།།
ནོར་བུ་གླིང་ལག་བཟོ་གསོ་སྐྱོང་གླིང་དུ་སླེབས་དུས་ཁྱད་ཆོས་ལྡན་པའི་བོད་ཁང་གསར་པ་གཅིག་ཞོར་གཅིག་སྦྲེལ་ནས་མཐོང་རྒྱུ་ཡོད། དེའི་ནང་དུ་མི་རིགས་ཀྱི་གྱོན་གོས་བཟོ་བ་དང་མི་རིགས་ཀྱི་རྒྱན་ཆ་རྡུང་བཟོ། སྲོལ་རྒྱུན་ཐང་ཁ། ཟོག་ཀོ་བཟོ་རྩལ་ལས་སྣོན། བོད་རིགས་ཀྱི་ལག་བཟོ་འཚེམ་དྲུབ་སོགས་ལག་ཤེས་ལག་རྩལ་པ་རིགས་ལྔ་ཡོད་པ་དང་། གསོ་སྐྱོང་གླིང་གི་ཁང་ཐོག་གཉིས་པའི་སྲོལ་རྒྱུན་ཐང་ཁ་སྦྱོང་བརྡར་ཁང་དུ་ངག་དབང་ཤེས་རབ་ཀྱིས་ཉིན་ལྟར་བློ་རྩེ་གཅིག་ཏུ་ཐང་ཁ་འབྲི་བར་གཞོལ་བཞིན་ཡོད།
ནམ་རྒྱུན་དུ་ངག་དབང་ཤེས་རབ་རི་མོ་ཁང་གི་ས་གདན་ཐོག་བསྡད་དེ་ལག་པ་གཡོན་པས་སྨྱུ་གུ་བཟུང་ནས་བློ་རྩེ་གཅིག་སྒྲིམ་གྱིས་མདུན་དུ་ཡོད་པའི་བྲིས་རས་སུ་རི་མོ་འབྲི་བཞིན་ཡོད། ཁོའི་ཕྲ་ཞིང་ཞིབ་པའི་སྨྱུ་གུའི་འཁྱུག་འགྲོས་འོག་ཐང་ཁའི་རིས་རྣམ་ཞིབ་ཕྲ་དང་མི་སྣའི་སེམས་ཁམས། རྣམ་འགྱུར། བྱ་སྤྱོད་བཅས་རེ་རེ་བཞིན་དལ་གྱིས་མངོན་ནས་གསོན་ཉམས་དོད་པོར་བྱུང་།
ལོ་མང་པོའི་སྔོན་ལ་སྟབས་མ་ལེགས་པར་ངག་དབང་ཤེས་རབ་ཀྱི་ལག་པ་གཡས་པར་རྨས་ཕོག་ནས་ཆད་ཤོར་མོད། འོན་ཀྱང་ཁོས་རི་མོར་དགའ་ཞེན་ཚད་མེད་དང་སྙིང་རུས་འབད་བརྩོན་ཆེན་པོ་ལ་བརྟེན་ནས་འགྲན་སློང་ལ་གདོང་གཏད་དེ་ལག་པ་གཡོན་པར་ཐེག་དཀའ་བའི་སྦྱོང་བརྡར་བྱས་ཏེ་ཐོག་མར་སྨྱུ་གུ་མ་གཏོགས་འཛིན་མི་ཤེས་པ་ནས་ད་ལྟ་གསར་རྩོམ་ལ་བྱང་ཆུབ་པ་བྱུང་བ་དང་། ལག་པ་གཡོན་པས་བརྩམས་ཆོས་རེ་རེ་བཞིན་ལེགས་པར་བྲིས་ཏེ་རི་མོ་བ་ཞིག་གི་ཕུགས་འདུན་མངོན་འགྱུར་བྱུང་ཡོད།
འདས་ཟིན་པའི་གནས་ཚུལ་སྐོར་གླེང་སྐབས་ངག་དབང་ཤེས་རབ་ཀྱིས་ང་སྔོན་ཆད་གཙོ་བོ་བོད་ཁང་ཚོན་རིས་འབྲི་མཁན་ཡིན། ཐེངས་ཤིག་ཞིང་ནང་དུ་ལས་ཀ་བྱེད་སྐབས་སྣང་གཡེང་དུ་ཤོར་ནས་བརྔ་བསྡུ་འཕྲུལ་འཁོར་གྱིས་ལག་པ་གཡས་པ་རྨས་ནས་གཅད་དགོས་བྱུང་བས་དེ་ནས་བཟུང་ང་རང་དབང་པོ་སྐྱོན་ཅན་དུ་སོང་། སྐབས་དེར་ང་ལ་སྡུག་བསྔལ་ཧ་ཅང་ཆེན་པོ་ཡོད་ཅིང་མི་ཚེའི་མདུན་ལམ་རབ་རིབ་ཀྱིས་བཏུམས་པའི་ཚོར་སྣང་ཚད་མེད་བྱུང་། ཡིན་ན་ཡང་ཕ་མ་དང་ཁྱིམ་མི་ཚོ་མིག་སྔར་འཆར་ཡོང་དུས་ངའི་སེམས་ཁོང་རུས་པའི་གཏིང་ནས་སེམས་ཤུགས་གནོན་ཐབས་མེད་པ་ཞིག་སྐྱེས་བྱུང་། དེ་ནས་ཐོག་མར་ཁྱིམ་དུ་རང་སྦྱོང་ལོ་གཉིས་བྱས་ཤིང་། ཉིན་མཚན་མེད་པར་ལག་པ་གཡོན་པར་སྦྱོང་བརྡར་སྤྲད་པ་ཡིན། རྗེས་སུ་ངའི་གྲོགས་པོ་ཞིག་ལྷ་སའི་ཐང་ཁ་སློབ་དཔོན་གྲགས་ཅན་ཞིག་གི་སར་དགེ་ཕྲུག་བྱེད་ཀྱིན་ཡོད་པས་ཁོའི་ངོ་སྤྲོད་འོག་ང་རང་ཡང་སློབ་དཔོན་དེའི་དགེ་ཕྲུག་ཏུ་གྱུར་པ་རེད། དེ་ནས་ངས་ལྷ་སར་ལོ་ལྔར་ཐང་ཁ་འབྲི་སྟངས་སློབ་སྦྱོང་བྱས་ནས་ཉིན་ལྟར་རི་མོའི་ཐབས་རྩལ་སྦྱོང་བརྡར་ཆད་མེད་བྱས་པ་ཡིན། ད་ལྟ་ང་དཀར་མཛེས་རྫོང་ལ་ལོག་ནས་ལོ་གཉིས་ལྷག་འགོར་སོང་། ལོ་བཅུའི་རིང་གི་རི་མོའི་ལམ་ལ་ཕྱིར་མིག་བལྟས་ན། དཀའ་ངལ་མང་པོ་འཕྲད་མྱོང་མོད། འོན་ཀྱང་རང་ཉིད་རི་མོར་དགའ་ཞེན་གྱིས་བསྐུལ་ཏེ་ང་ལ་གནས་ཚུལ་སྡུག་པོ་ཅི་འདྲ་འཕྲད་ཀྱང་བསྐྱུར་འདོད་ཀྱི་བསམ་པ་གཏན་ནས་མེད་ཅེས་བཤད་པ་རེད།
ཐང་ཁ་སྦྱངས་པ་ལས་ངག་དབང་ཤེས་རབ་ཀྱི་མི་ཚེའི་ཁ་ལོག་ཡོངས་སུ་བསྒྱུར་ཏེ། དམའ་སར་ནས་ཡང་རྩེར་བསྐྱོད་ཐུབ་པ་དང་ཆབས་ཅིག་ལས་དབང་ལ་འཐབ་རྩོད་བྱེད་པའི་སྤོབས་པ་སྐྱེས་ནས་མི་ཚེའི་ཁ་ཕྱོགས་ཇེ་བརྟན་དུ་ཕྱིན་ཡོད། ཁོའི་ངོས་ནས་མཚོན་ན་ཐང་ཁ་བྲི་རྒྱུ་ནི་དབུལ་ཕོངས་ལས་ཐར་ནས་ཕྱུག་འབྱོར་གྱི་ཐབས་ལམ་ཞིག་ཡིན་ལ། རིག་གནས་ཀྱི་འགན་འཁྲི་བརྒྱུད་འཛིན་དེ་བས་ཀྱང་ཡིན་པ་རེད།
སྔོན་ཆད་ངའི་དགེ་རྒན་གྱིས་ཤུགས་ཡོད་རྒུས་ང་ལ་ཐང་ཁ་འབྲི་སྟངས་ཁྲིད་ནས་ངའི་སྙིང་སྟོབས་ཆེན་པོ་སྐྱེས་བར་རོགས་འདེགས་ཆེན་པོ་བྱས་ཡོད། ད་ལྟ་ངས་ཀྱང་ཁོང་དང་འདྲ་བར་རང་ཉིད་ཤེས་ཡོན་དེ་སློབ་ཡོན་མི་དགོས་པར་ངའི་དགེ་ཕྲུག་གསུམ་ལ་སློབ་བཞིན་ཡོད། ཐང་ཁ་འབྲི་དགའ་བའི་མི་དེ་བས་མང་བ་ཞིག་གིས་ལག་རྩལ་དེ་སློབ་སྦྱོང་བྱས་ཏེ་དགེ་རྒན་གྱི་སྙིང་སྟོབས་དང་བརྩེ་བ་ཆེན་པོ་དར་སྤེལ་བཏང་ནས་ང་ཚོའི་ཐང་ཁ་ལག་རྩལ་མི་རབས་ནས་མི་རབས་བར་བརྒྱུད་འཛིན་བྱས་ཏེ་དར་རྒྱས་གོང་འཕེལ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་ངག་དབང་ཤེས་རབ་ཀྱིས་སེམས་འགུལ་ཆེན་པོས་རང་གི་མ་འོངས་པའི་འཆར་བཀོད་ལྷུག་པོར་བརྗོད།
ལག་ཤེས་བཟོ་རྩལ་དཔུང་སྡེ་ཉིན་བཞིན་རྒྱས།། ཡུལ་སྡེ་དར་རྒྱས་ཡོང་བའི་གྲོགས་སུ་གྱུར།།
ངག་དབང་ཤེས་རབ་ལ་ཐོབ་པའི་གྲུབ་འབྲས་སྐོར་བལྟས་ན། གཟེངས་བསྟོད་ལག་ཁྱེར་རེ་རེ་དང་རི་མོ་བརྩམས་ཆོས་རེ་རེ་ནི་ཁོའི་འཚོ་བ་བདེ་སྐྱིད་ལྡན་པའི་མངོན་ཚུལ་རང་རེད། བདེ་སྐྱིད་ཀྱི་འཚོ་བ་དེའི་རྒྱབ་ཏུ་དཀར་མཛེས་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཞབས་ཞུ་སྤུས་ལེགས་མཁོ་འདོན་དང་ལས་སྟེགས་ཡག་པོ་བསྐྲུན་པ་དང་འབྲལ་ཐབས་མེད། ལས་སྟེགས་བསྐྲུན་ནས་ལག་ཤེས་མི་སྣ་ནང་འགུགས་དང་གཟིགས་སྐྱོང་སྲིད་ཇུས་བཏོན་ནས་ཤེས་ལྡན་མི་སྣ་སྡོད་ཐབས་སྤྲད་པ། དེ་ནས་ལག་ཤེས་བཟོ་བཀོད་དང་སྲོལ་རྒྱུན་རིག་གནས། གཟུགས་མེད་རིག་གནས་ཤུལ་བཞག་སོགས་ལག་ཤེས་བཟོ་རྩལ་པའི་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་བཏང་ཞིང་། སྤུས་ལེགས་མི་རིགས་ལག་ཤེས་དང་གཟུགས་མེད་རིག་གནས་ཤུལ་བཞག་ལག་རྩལ་གྱི་རིག་གནས་སྤུས་རྟགས་གཏོད་པ་བཅས་བརྒྱུད་དེ་ཤུགས་ཆེན་པོས་ལག་ཤེས་བཟོ་རྩལ་བའི་
ཕུགས་འདུན་སྐྱོང་བ་དང་། ལག་ཤེས་བཟོ་རྩལ་བའི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཇེས་དྲག་ཏུ་བཏང་སྟེ། རིག་གནས་ལ་དགའ་བ་དང་བརྒྱུད་འཛིན་ཤེས་པ། ཕུགས་འདུན་ཡོད་པ་བཅས་ཀྱི་ལག་ཤེས་བཟོ་རྩལ་བའི་དཔུང་སྡེ་ཉིན་བཞིན་སྟོབས་ཆེར་བཏང་ཡོད།
ཟི་ཐང་མདའ་ཡུལ་ཤོག་གི་དྲིལ་བསྒྲགས་ཨུ་ཡོན། ནོར་བུ་གླིང་གསོ་སྐྱོང་གླིང་ལྟེ་གནས་ཀྱི་མགོ་འཛིན། ཀྲུའུ་རེན་ཨ་དཔང་གིས་ང་ཚོའི་ཟི་ཐང་མདའ་ཡུལ་ཤོག་ལ་མི་རིགས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་མཁན་པོ་མང་པོ་ཡོད་མོད། འོན་ཀྱང་གཉེར་སྐྱོང་བྱེད་སྟངས་མང་ཆེ་བ་དེ་ཁྱིམ་ཚང་གི་བཟོ་ཁང་ཆུང་ཆུང་ཡིན་པས། ཕྱིར་ཚོང་ཐབས་ལམ་ཉུང་བ་དང་ཐོན་སྐྱེད་གཞི་ཁྱོན་ཆུང་ཞིང་། གཞི་ཁྱོན་ཅན་གྱི་གཉེར་སྐྱོང་གི་ཚོང་ལས་བྱེད་སྟངས་ཤིག་ཆགས་ཐུབ་མེད། ཡུལ་ཤོག་དེའི་དམངས་ཁྲོད་ལག་ཤེས་བཟོས་རྩལ་བརྒྱུད་འཛིན་དང་། སྲུང་སྐྱོང་། འཕེལ་རྒྱས་བཅས་སྔར་བས་ལེགས་པོར་ཡོང་ཆེད། ཡུལ་སྡེ་དར་རྒྱས་དང་ཐོན་ལས་དར་སྤེལ་ཡོང་བའི་དམིགས་འབེན་ལྟར། ང་ཚོའི་ཡུལ་ཤོག་ཏང་ཨུ་དང་སྲིད་གཞུང་གིས་དཀར་མཛེས་རྫོང་གི་རིག་གནས་ཡུལ་སྐོར་གྱིས་དཀར་མཛེས་རྫོང་བསྐྱར་དུ་སྐྲུན་ཞེས་པའི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་ལ་བརྟེན་ནས་མི་རིགས་ལག་ཤེས་བཟོ་རྩལ་གཅིག་སྡུད་འཕེལ་རྒྱས་གཏང་རྒྱུའི་ལས་གཞི་སྙན་སེང་ཧུར་ཐག་ཞུས་ཡོད། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཡུལ་དངོས་སུ་རྟོག་འདྲི་དང་བརྟག་ཞིབ་ཐེངས་མང་བྱས་པར་བརྒྱུད། 2023ལོའི་ཟླ་བ4པར་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་བཟོ་སྐྲུན་དང་འགྲེམས་སྟོན། ཕྱིར་ཚོང་། གསོ་སྦྱོང་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་འགྲེམས་སྟོན་ལས་གཏོད་གསོ་སྐྱོང་ལྟེ་གནས་བཙུགས་ནས་ལག་ཤེས་བཟོ་རྩལ་ཚོང་པ23གསོ་སྐྱོང་གླིང་དུ་སྤོས་པ་དང་མི44ཡི་ལས་ཞུགས་དང་ལས་གཏོད་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེས་ནོར་བུ་གླིང་ལག་ཤེས་བཟོ་རྩལ་གསོ་སྐྱོང་གླིང་ལས་སྟེགས་སུ་བྱས་ནས་ལག་ཤེས་བཟོ་རྩལ་པ་རྣམས་གསོ་སྐྱོང་གླིང་དུ་གཅིག་ཏུ་བསྡུས་ཏེ་མཉམ་ཤུགས་ཤིག་ཆགས་པ་བྱས་ཏེ། འཕྲིན་སྦྱོར་དང་དྲ་བ། འཕྲིན་ཕྲན་སྤྱི་རྟགས་སོགས་དྲྭ་ཐོག་དང་དྲྭ་ཕྱིར་དྲིལ་བསྒྲགས་བྱེད་སྟངས་བརྒྱུད་ནས་མི་རིགས་རིག་གནས་ཁྱབ་གདལ་དང་བརྒྱུད་འཛིན་དང་། མི་རིགས་ཀྱི་ཁྱད་ཆོས་དང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཐོན་རྫས་སྔོག་འདོན་དང་གསར་སྤེལ། རོགས་སྐྱོར་བཅས་བྱས་ནས་སྲོལ་རྒྱུན་མི་རིགས་ལག་ཤེས་བཟོ་རྩལ་ཐོན་ལས་ཀྱི་ཐོན་ལས་སྦྲེལ་ཐག་ཆ་ཚང་ཞིག་བསྐྲུན་ཡོད་ལ། དཀར་མཛེས་རྫོང་གིས་ཡུལ་སྡེ་དར་རྒྱས་གཏོང་བར་སྟོབས་ཤུགས་གསར་པ་བསྣན་ཏེ་དཀར་མཛེས་རྫོང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་མདུན་ལམ་མཛེས་སྡུག་ལྡན་པ་ཞིག་ཀྱང་བཀོད་ཡོད།།
(ལྷ་འཛོམས་ཀྱིས་བསྒྱུར།)