国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔྱིད་ཀ་ལ་བསྟོད་པ་ དྲི་ཟའི་དབྱངས།

ངལ་བ་ལ་བརྟེན་དཔྱིད་ཀྱི་ཕོ་ཉའི་ཚོགས།།

འོངས་པར་གྱུར་ཅིང་མགྲིན་སྙན་འཁྲོལ་བ་དེས།།

ལེགས་པར་བསུས་པའི་ཆར་འབབ་དུས་སྟོན་ནི།།

རྒྱ་མཚོ་གོས་སུ་རྒྱན་གྱིས་བཀླུབས་པ་མཛེས།།

ལང་ལོང་འཕྱུར་བའི་ཆུ་ཁུར་ནོར་འཛིན་མའི།།

བཞིན་རས་ལ་ཆགས་གླང་ཆེན་འགྲོས་ཀྱི་གདོང་།།

གཉིས་སུ་མེད་ཅེས་ཁོ་བོས་ཞེ་གཏིང་ནས།།

འཕྱང་མོ་ཉུག་བཞིན་དེ་ལྟར་སྨྲ་བར་འདོད།།

རྐང་འཐུང་ཚོགས་ནི་ཕྲེང་བ་ཚར་དུ་དངར།།

དེ་ཡི་འདབ་དབུས་འདབ་ཆགས་སྙན་པའི་གླུ།།

ཐོས་འཛིན་རྣ་བས་བཅུད་དུ་ལེན་པའི་ཚེ།།

ཡིད་ཀྱི་དབང་པོ་བརྗོད་མེད་བདེ་བས་མྱོས།།

བི་ཤྭ་ཀརྨའི་རྩལ་གྱིས་བྲིས་འདྲ་བའི།།

ཡལ་གའི་རྩེར་གནས་ཤིན་ཏུ་མངར་བའི་འབྲས།།

ཁམ་བུ་ལ་ནི་ལོངས་སུ་སྤྱོད་པའི་ཚེ།།

ཨེ་མ་ལུས་ཀྱི་སྟོབས་ཤུགས་སྔར་ལས་རྒྱས།།

དཔྱིད་ཀྱི་དུས་ནི་མཐོ་རིས་གཉིས་པ་ཞེས།།

དམ་པ་མང་པོའི་མགྲིན་པས་གཟེངས་སུ་བསྟོད།།

དེ་ཚེ་བདག་ཀྱང་ལྷ་ཡུལ་གཉིས་པ་རུ།།

ཡོད་སྙམ་ང་རྒྱལ་རང་དབང་མེད་པར་འཕེལ།།

༼ དུ་སྤྲིན། ༽