སོ་དཀར་འཛུམ་ཆུང་དགྱེས་པའི་གདན་ལ་འཁོད་དང་། །
བཅོས་མིན་སེམས་ཀྱི་ཟླ་བ་མཁའ་ལ་ཚེས་འདུག །
འདྲིས་འདྲིས་གཏན་གྲོགས་བྱུང་བའི་མཛའ་བའི་མི་ལ། །
སྙན་ངག་སྨྲ་བའི་བདག་མོས་ཡུན་དུ་སྲུངས་ཤོག །
ཚོར་བའི་མེ་ཏོག་ལྡེམ་པའི་སྙན་ངག་མཁན་པོ། །
བདག་ཀྱང་ཚེ་རབས་ཀུན་ཏུ་རྗེས་སུ་ཟུངས་དང་། །
དབྱངས་སྙན་ཟླ་བའི་ཟེར་མ་ཁྱེད་ལ་བསྒྲོན་དེ། །
ངག་རིག་དྲུག་འགྱུར་སྒྲོག་པའི་གཤེད་མ་ཡིན་འགྲོ། །
ལང་ཚོར་ཕྱི་མིག་མི་འཐེན་སྐྱོ་གདུང་ཆེ་བའི། །
ཅ་ཅོའི་གཏམ་ངག་མི་འཁྱོལ་གཞན་སེམས་དཀྲུག་ཡོང་། །
འཐེན་ཤེས་ལྷོད་ཤེས་ཡོད་པའི་མི་ཡི་གཤིས་སུ། །
ཐམས་ཅད་དགའ་བའི་མེ་ཏོག་མཁའ་ནས་འབབ་ཡོང་། །
ཕར་བལྟས་ཡག་ཅིང་མིག་ཟུང་འཕྲོག་གིན་བུད་སོང་། །
མ་ཟུག་ཁྲི་ཁྲི་འབུམ་འབུམ་ཤུལ་དུ་ལུས་སོང་། །
འཁྱམས་པོའི་ཐོད་ལ་འབབ་པའི་སྨྲེང་བ་ཐར་ཐོར། །
ཚིག་གི་མདངས་ལ་བབས་ན་ཅི་ཞིག་ལེགས་འགྲོ། །
ངས་ནི་དབྱངས་གསལ་སུམ་ཅུར་བདག་པོར་ཞུ་དགོས། །
མ་འོངས་གངས་ཀྱི་ལྗོངས་སུ་ནུབ་མེད་སྤེལ་ཞིང་། །
སྔོན་བྱོན་མེས་པོའི་ཟུངས་ཁྲག་དོར་བ་མེད་པར། །
མི་ཚེ་དབྱངས་ལ་འགུགས་དེ་ཕྱིར་མར་ཆས་འགྲོ། །
གཞོན་པའི་རྨི་ལམ་འཇའ་ཡི་མདངས་དང་འདྲ་འདྲ། །
ཡུད་ཙམ་རྟག་བརྟན་མེད་པར་འགྱུར་ལྡོག་མང་གི། །
ནམ་ཞིག་རེ་བའི་འདུན་མ་ལག་ཏུ་སོན་ནམ། །
ཅང་མེད་ཁེར་རྐྱང་ཀློང་ནས་མི་ཚེ་རྫོགས་དགོས། །
དགའ་སྐྱོ་དབྱངས་ཀྱི་ངལ་བ་སེམས་སུ་ཉར་ཏེ། །
ངག་རིག་ཟླ་བའི་སྲིང་མོར་འཕྲིན་བཅོལ་ཞུས་དང་། །
དགུང་སྔོན་དབྱིངས་ལ་བསྟར་བའི་ལང་ཚོ་ངོ་མ། །
ཐུན་གསུམ་རྨི་ལམ་གྲོང་ནས་གཟིགས་མོར་ཞུ་ཡོང་། །
༼ ཁམས་ཟླ་སྲས། ༽