ཉེ་ཆར། དར་མདོ་གྲོང་ཁྱེར་སྐྱ་གད་གྲོང་རྡལ་དུ་གངས་དཀར་འོ་སེ་མེ་ཏོག་དུས་ཆེན་བསུ་བའི་བྱེད་སྒོ་སྤེལ་བ་རེད། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་ཚོས་གངས་དཀར་འོ་སེ་མེ་ཏོག་གི་རྒྱ་མཚོ་འཁྱིལ་བའི་གནས། མི་ཉག་སྐྱ་གད་གྲོང་རྡལ་དུ་འཛོམས་ནས་འོ་སེ་མེ་ཏོག་གི་མཛེས་སྡུག་དང་དྲི་ཞིམ་མྱོང་ཞིང་མི་ཉག་གི་ཁྱད་ཆོས་ལྡན་པའི་གླུ་བྲོ་རིག་གནས་སོགས་ལ་ལྟད་མོར་བལྟས།
འོ་སེ་མེ་ཏོག་ནི་ཁྲོན་ནུབ་མཐོ་སྒང་དུ་ཁྱད་ཆོས་ལྡན་པའི་མེ་ཏོག་ཅིག་ཡིན་ལ། རང་ཁུལ་གྱི་བྲག་མགོ་དང་རྟའུ། དར་མདོ། ཉག་ཆུ་ཁ། དཀར་མཛེས། ཉག་རོང་། དཔལ་ཡུལ། ལི་ཐང་། འབའ་ཐང་དང་གསེར་རྟ་སོགས་ས་ཆར་སྐྱེས་ཡོད་ནའང་། དར་མདོ་གྲོང་ཁྱེར་སྐྱ་གད་གྲོང་རྡལ་གྱི་གངས་དཀར་འོ་སེ་མེ་ཏོག་དེ་ལྷག་ཏུ་མཛེས་སྡུག་ལྡན་པ་ཞིག་རེད།
ཉེ་བའི་ལོ་ཤས་རིང་། དར་མདོ་གྲོང་ཁྱེར་གྱིས་གངས་དཀར་འོ་སེ་མེ་ཏོག་བཞད་པའི་དུས་ཚིགས་སོགས་ཀྱི་བྱེད་སྒོ་ལོ་མང་པོར་བསྟུད་མར་སྤེལ་ཏེ། ཡུལ་སྐོར་བ་མང་པོའི་ཡིད་སྨོན་འཆོར་སའི་ཡུལ་སྐོར་སྤྲོ་གསེང་བྱ་ཡུལ་དུ་གྱུར་པ་དང་། ས་གནས་དེ་གའི་ཡུལ་སྡེ་དར་རྒྱས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཏེ། དཀར་མཛེས་ཁུལ་གྱི་ཡུལ་སྐོར་དྲིལ་བསྒྲགས་དང་སྤུས་རྟགས་གཏོད་པར་སྐུལ་འདེད་ཀྱི་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད།( བདེ་ཆེན་གྱིས་བསྒྱུར།)