国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལས་ཀྱི་མེ་ཏོག་ གློ་ཁ།

ལས་ཀྱི་རྐང་ལམ་ཚོར་བའི་ཁམས་ལ་བསྒྱུར།།

ཚོར་བ་དགའ་སྐྱོ་མང་པོའི་གསེབ་ན་གཡོ།།

སྐབས་ལར་གཏི་མུག་གཉིད་ཀྱིས་ལུས་སེམས་སྒུལ།།

ཚོར་བ་རྣ་ལམ་གྱེར་ཡང་གཡེང་སྤྲོ་དབེན།།

ལོ་ཟླའི་གྲང་བསིལ་སྦྲུམ་པའི་རྨི་ལམ་ནང་།།

ཞེ་ལ་ཐོགས་པའི་ཁྲུང་ཁྲུང་ཡང་ཡང་དྲན།།

སེམས་དང་གཟུགས་ཕུང་འགྱུར་བའི་ཞེད་སྣང་ལ།།

ཁེར་རྐྱང་སྡོང་སྐམ་སྐྱོ་བའི་ཁམས་ནས་མནར།།

ང་ནི་མེ་ཏོག་ཅིག་སྟེ་དུས་བཞིའི་འཆར་ཡན་ནང་།།

རྨི་ལམ་འདབ་ལོ་སྐྱེས་འཐོར་ཚད་མེད་པས།།

སེམས་གཅོང་སྐྱོ་བའི་སྒྲུང་ལ་ཚད་མེད་པ།།

དྲན་ངོགས་གསེར་བྱའི་འཕུར་ལམ་ཡང་ཡང་དྲན།།

ཁུ་བྱུག་སྙན་བརྒྱུད་མན་ངག་ཞེ་ལ་དྲན།།

ནམ་ཞིག་ལས་འཕྲོའི་བཀོད་སྒྲིག་འཁོར་བ་ན།།

འདུ་བྱེད་སྤྲོ་སྣང་སུས་ཀྱང་དཔོག་མིན་པས།།

ཕྱག་སོར་ཐལ་མོ་སྦྱར་ཏེ་ཁྱོད་ཉིད་ལ།།

གཏན་བདེ་རང་ཉིད་གཅིག་མིན་ཐམས་ཅད་ཀྱི།

སྡུག་བསྔལ་ཞེ་གཙེས་ངལ་བ་ཞུ་བའི་ཆེད།།

ཁྱོད་ལ་སྨོན་ཞིང་ཁྱོད་ལ་གསོལ་བཏབ་བགྱི།

༼ ལྡོང་འཇིགས་སྲས། ༽