སྤྱི་ཟླ6པའི་ཚེས7ཉིན་གྱི་སྔ་དྲོར། 2024ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་དཀྱུས་མའི་ཉིན་དང་པོར་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དར་མདོ་གྲོང་ཁྱེར་དུ་མཐོ་རྒྱུགས་ལས་དོན་ལ་སྐོར་ཞིབ་གནང་བ་དང་། རྒྱུགས་སྤྲོད་ལས་དོན་མི་སྣ་དང་དང་བླངས་པར་འཚམས་འདྲི་གནང་བ་དང་། ཚང་མས་དཀའ་སྤྱད་ཀྱིས་བྱས་རྗེས་ཕུལ་བར་ཐུགས་རྗེ་ཆེ་ཞུ་བ་དང་། ཁུལ་ཡོངས་ཀྱི་རྒྱུགས་སྤྲོད་སློབ་མར་རྒྱུགས་འབྲས་ཡག་པོ་ཐོབ་པའི་སྨོན་འདུན་ཞུས་པ་རེད། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སློབ་གསོའི་ལས་དོན་སྐོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཏེ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཤིང་། ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་འཁུར་སེམས་ཚད་མཐོན་པོས་རྒྱུགས་སྤྲོད་ལས་དོན་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་རྒྱུགས་ལེན་སྤྱོད་ཚུལ་དང་སྒྲིག་ཁྲིམས་ནན་པོ། སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་ཞབས་ཞུའི་འགན་ལེན་ཡག་པོ་བྱས་ཏེ་རྒྱུགས་སྤྲོད་ཁོར་ཡུག་བཟང་པོ་བསྐྲུན་ནས་མཐོ་རྒྱུགས་དྲང་གཞག་དང་གོ་སྒྲིག་ལྡན་པར་འགན་ལེན་བྱ་དགོས་ཞེས་ནན་གསུང་གནང་བ་རེད།
རྒྱལ་ཁབ་སློབ་གསོ་རྒྱུགས་སྤྲོད་དཀར་མཛེས་ཁུལ་བཀོད་འདོམས་ལྟེ་གནས་སུ་ཧྲེན་དབྱང་གིས་འདི་ལོའི་ཁུལ་ཡོངས་ཀྱི་མཐོ་རྒྱུགས་ལས་དོན་སྒྲིག་འཛུགས་དང་། རྒྱུགས་ཤོག་ཉར་ཚགས། འཚུབ་བསྟུན་ཐག་གཅོད་སོགས་ཀྱི་ལས་དོན་སྙན་ཞུར་གསན་རྗེས། ཁུལ་ཡོངས་ཀྱི་ཚད་ལྡན་ཅན་གྱི་རྒྱུགས་ལེན་སར་བརྙན་ལམ་བརྒྱུད་ནས་རྒྱུགས་སྤྲོད་གནས་ཚུལ་ལ་ཡུལ་དངོས་སུ་རྟོག་ཞིབ་དང་ཆ་རྒྱུས་བླངས་པ་རེད། ཁོང་གིས་ལོ་གཅིག་ཐེངས་གཅིག་གི་མཐོ་རྒྱུགས་ནི་ཏང་གི་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཤེས་ལྡན་མི་སྣ་འདེམས་པ་དང་འབྲེལ་བ་ཆེན་པོ་ཡོད་པས། ཁྱིམ་ཚང་ཁྲི་སྟོང་དང་སློབ་མ་ཁྲི་སྟོང་གི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པས། སྤྱི་ཚོགས་ཀྱི་ཕྱོགས་གང་ཅིའི་ཐད་ནས་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་རྒྱུགས་སྤྲོད་སློབ་མར་འགན་འཁུར་རྒྱུ་དང་། སྤྱི་ཚོགས་ལ་འགན་འཁུར་རྒྱུ། རྒྱལ་ཁབ་ལ་འགན་འཁུར་རྒྱུ་བཅས་ཀྱི་རྣམ་འགྱུར་ཐོག་ནས་རྒྱུགས་སྤྲོད་སློབ་མ་གཙོ་བོར་བཟུང་སྟེ་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་ལས་ཀའི་ནང་རྐྱེན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་འགྲིམ་འགྲུལ་སྣེ་ཁྲིད་དང་། འཛེར་སྒྲ་བཅོས་སྐྱོང་། བཟའ་བཅའི་ཉེན་མེད། སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་ལས་དོན་ཁག་དམ་འཛིན་ཏན་ཏིག་བྱས་ཏེ་རྒྱ་ཆེ་བའི་རྒྱུགས་སྤྲོད་སློབ་མར་ཉེན་མེད་དང་ལྷིང་འཇགས། བག་ཕེབས་བཅས་ཀྱི་རྒྱུགས་སྤྲོད་ཁོར་ཡུག་བསྐྲུན་ནས་རྒྱུགས་སྤྲོད་སློབ་མ་སེམས་སྐྱིད་པོ་དང་ཁྱིམ་བདག་སེམས་བདེ་མོ། སྤྱི་ཚོགས་བློ་བདེ་མོ་ཡོང་བ་བྱ་དགོས་ཞེས་བསྟན་པ་རེད།
ད་ལོར་ཁུལ་ཡོངས་ཀྱི་མཐོ་རྒྱུགས་མིང་ཐོ་འགོད་མཁན་སློབ་མའི་བསྡོམས་འབོར8157ལ་ཟིན་པ་དང་། དར་མདོ་དང་ལྕགས་ཟམ། རོང་བྲག། བརྒྱད་ཟིལ། ཉག་ཆུ། རྟའུ། བྲག་མགོ དཀར་མཛེས། འབའ་ཐང་བཅས་རྫོང་(གྲོང་ཁྱེར)9རུ་ཆེད་དམིགས་རྒྱུགས་སྤྲོད་གནས9དང་རྒྱུགས་ར183བཙུགས་ཡོད་པ་རེད། དར་མདོ་སློབ་འབྲིང་ནི་རང་རེའི་ཁུལ་གྱི་ཆེད་དམིགས་བཙུགས་པའི་རྒྱུགས་སྤྲོད་གནས9ཡི་གྲས་ཤིག་ཡིན་པ་དང་ཁྱོན་བསྡོམས་རྒྱུགས་ར51ཡོད། དར་མདོ་སློབ་འབྲིང་དུ་སླེབས་སྐབས་ཧྲེན་དབྱང་གིས་རྒྱུགས་སྤྲོད་སློབ་མ་རྒྱུགས་རར་འགྲོ་ལམ་གྱི་བདེ་སྲུང་ཞིབ་བཤེར་བྱ་ཡུལ་དང་། རིག་ནུས་བདེ་སྲུང་སྒོའི་བཀོད་སྒྲིག། ལྟ་སྐུལ་ཚོད་འཛིན་བརྙན་ལམ་སྒྲིག་ཆས་འཁོར་སྐྱོད་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་གནང་བ་དང་། རྒྱུགས་སྤྲོད་ལས་དོན་མི་སྣ་དང་དང་བླངས་པ་ལ་བྱམས་བརྩེའི་ངང་གླེང་མོལ་གནང་སྟེ་ཚང་མར་གནད་དོན་ལ་བསམ་གཞིག་དེ་བས་ཆ་ཚང་དང་བྱ་ཐབས་དེ་བས་ཞིབ་ཚགས་བྱས་ནས་རྒྱུགས་སྤྲོད་སློབ་མར་སེམས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཁོ་ཚོས་སེམས་ཁམས་བག་ཕེབས་པོའི་ངང་རྒྱུགས་སྤྲོད་ཐུབ་པར་རོགས་རམ་བྱ་དགོས་ཞེས་གསུངས་པ་རེད།
ཧྲེན་དབྱང་གིས་ནན་གསུང་གནང་དོན། ཁོང་གིས་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འགན་ཁུར་སེམས་སྔར་བས་ཆེ་རུ་གཏོང་བ་དང་། རྩ་འཛུགས་འགོ་ཁྲིད་ལ་ཤུགས་རྒྱག་པ། ལས་ཀའི་སྒྲིག་ཁྲིམས་ནན་སྲུང་བྱས་ཏེ་མཐོ་རྒྱུགས་ཀྱི་ལས་དོན་ཁག་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་རྒྱུགས་སྤྲོད་སློབ་མར་ཆུ་ཚད་ཡག་ཤོས་འཐོབ་པ་དང་རྒྱུགས་སྤྲོད་སྦྱངས་འབྲས་ཕུལ་བྱུང་ཐོན་རྒྱུར་རོགས་རམ་བྱ་དགོས་ཞེས་ནན་གསུང་གནང་བ་རེད། འབྲེལ་ཡོད་སྡེ་ཁག་སོ་སོས་བདེ་སྲུང་ནན་པོ་དང་འཚུབ་བསྟུན་སྔོན་ཇུས་ལ་ཤུགས་རྒྱག་པ། རྒྱུགས་སྤྲོད་སྒྲིག་སྲོལ་དང་སྒྲིག་ཁྲིམས་ནན་པོར་བྱེད་པ། རྒྱུགས་སྤྲོད་གཡོ་ཟོལ་གྱི་བྱ་སྤྱོད་སྣ་ཚོགས་ལ་དོགས་ཟོན་ནན་པོ་དང་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས་མཐོ་རྒྱུགས་དྲང་ལྡན་དྲང་གཞག་ཡོང་བར་སྲུང་སྐྱོང་ཏན་ཏིག་བྱ་དགོས།
ཁུལ་མགོ་ཁྲིད་ཡོན་མིང་ཀོང་དང་ཚའོ་ཞ། ཡན་ལེ། ཧོ་ཞའོ་ཕིང་བཅས་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་མཐོ་རྒྱུགས་སྐོར་ཞིབ་ལ་ཞུགས་པ་རེད།།
( ལྷ་འཛོམས་ཀྱིས་བསྒྱུར།)