གྲོང་ཚོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་ནི་ཞིང་ལས་སྟོབས་ལྡན་དང་། ཡུལ་སྡེ་དར་རྒྱས། ཞིང་པ་ཕྱུག་པོར་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ་ཡུལ་སྡེ་དར་རྒྱས་ཡོང་བའི་ལམ་བུ་ལྡོག་མེད་ཅིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་། ཕྱག་ཕྲེང་རྫོང་སྒྲོ་མདོངས་ཡུལ་ཤོག་གིས་ཏང་ལེགས་སྐྱོང་ཐོན་ལས་ལ་སྣེ་ཁྲིད་བྱས་པ་དང་། ཐོག་མཐའ་བར་གསུམ་དུ་གྲོང་ཚོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དེ་ཏང་ལེགས་སྐྱོང་གིས་དང་ཡུལ་སྡེ་དར་རྒྱས་གཏོང་བའི་ལས་དོན་གལ་ཆེན་ཞིག་བརྩིས་ཏེ། སྲིད་ཇུས་ཀྱིས་ལམ་སྟོན་དང་། ཏང་ལེགས་སྐྱོང་གིས་སྣེ་ཁྲིད་པ། ཐོན་ཁུངས་བསྡུ་སྒྲིལ་སོགས་ཀྱི་ཐབས་ལམ་བརྒྱུད་དེ། ནུས་པ་ཆེ་རུ་གཏོང་བ་དང་ལས་གཞི་དམ་དུ་འཛིན་པ། དཔེ་བསྟན་ནས་ཀྲི་པུའུ་གཅིག་ལ་ཟོང་རྟགས་གཅིག་བཏོད་པ་དང་གྲོང་ཚོ་གཅིག་ལ་ཐོན་རྫས་གཅིག་འཛུགས་པར་བསྐུལ་ནས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་མུ་མཐུད་དེ་འཕེལ་རྒྱས་བཏང་ཡོད། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་ཤུགས་ཆེན་བཏང་ནས་ཐོན་ལས་འཕེལ་རྒྱས་ཀྱི་ཕན་འབྲས་ཆེན་པོ་ཐོབ་པས་ཡུལ་ཤོག་ཡོངས་ཀྱི་གྲོང་ཚོ4པོ་སོ་སོའི་ཐུན་མོང་དཔལ་འབྱོར་ཡོང་འབབ་སྒོར་ཁྲི5ལས་བརྒལ་ཐུབ་བྱུང་ཡོད།
ཏང་ལེགས་སྐྱོང་གིས་ཞིང་ལས་འཕྲུལ་ཆས་ཀྱི་ཞབས་ཞུ་སྣེ་ཁྲིད་བྱས་ནས་ཐུན་མོང་དཔལ་འབྱོར་གྱི་ཕན་འབྲས་ཆེ་རུ་བཏང་ཡོད། རི་འགས་གྲོང་སྡེའི་ཏང་ཀྲི་པུའུ་ཡིས་ལྟེ་བའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཏང་ལེགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་ཏེ། བདེ་ཆུ་འགྲམ་རྒྱུད་ཀྱི་རྨོ་ཞིང་ཐོན་ཁུངས་ཕུན་སུམ་ཚོགས་པོ་དང་། ཞིང་ལས་འཕྲུལ་ཆས་ཞབས་ཞུའི་དགོས་མཁོ་ཆེ་བ། འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་ཆུ་ཚད་དམའ་བ་བཅས་ཀྱི་གནས་ཚུལ་དངོས་ལ་དམིགས་ཏེ་ཞིང་ཁ་དང་མུ་ཁ་རུ་བསྐྱོད་དེ་བརྟག་དཔྱད་བྱས་རྗེས་ཞིང་ལས་འཕྲུལ་ཆས་ཞབས་ཞུའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་གཏན་ལ་ཕབ་པ་དང་། ཏང་རྩ་འཛུགས་དང་ཐུན་མོང་དཔལ་འབྱོར་རྩ་འཛུགས། ཞིང་དུད་བཅས་གསུམ་པོ་མཉམ་འདྲེས་ཅན་གྱི་གྲོང་ཚོ་དར་རྒྱས་དང་མང་ཚོགས་ཕྱུག་འབྱོར་གཏོང་སྟངས་ཁྱབ་གདལ་བཏང་ཡོད། ཞིང་སློག་པ་དང་འདེབས་པ། བསྡུ་བ་བཅས་གཞི་གཅིག་ཏུ་འདུས་པ་དང་བརྒྱུད་རིམ་ཆ་ཚང་ཞིང་ལས་འཕྲུལ་ཆས་ཞབས་ཞུ་ཅན་འཛུགས་པར་མ་ཟད། ད་དུང་མཐའ་འཁོར་གྱི་རྫོང་དང་ཡུལ་ཤོག་གྲོང་ཚོ་བར་ཞིང་ལས་འཕྲུལ་ཆས་ཞབས་ཞུའི་མཉམ་ལས་བྱེད་པར་ཤུགས་བརྒྱབ་སྟེ་མངགས་ཐོ་ཞིང་ལས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས། འགན་གཙང་སྤྲོད་པ་དང་བོགས་མར་གཏོང་བ། སྒོ་རྩར་ཞབས་ཞུ་སོགས་ཀྱི་བྱ་ཐབས་སྤེལ་ཏེ་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པར་སྐུལ་འདེད་བཏང་བར་མ་ཟད། ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་ཀྱང་མགྱོགས་སུ་བཏང་ཡོད། 2022ལོ་ནས་བཟུང་གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི10ཡན་ཆད་ཟིན་ཡོད།
ཏང་ལེགས་སྐྱོང་གིས་ཤ་མོ་འདེབས་འཛུགས་བྱེད་པར་སྣེ་ཁྲིད་དེ་ཐུན་མོང་དཔལ་འབྱོར་གྱི་ཐོན་སྐྱེད་ནུས་པ་ཆེ་རུ་བཏང་། ཏང་ཨུས་གཙོ་ཁྲིད་དང་ཀྲི་པུའུ་ཡིས་ཁྲིད་སྟོན། ཏང་མིས་དཔེ་སྟོན་པ། མང་ཚོགས་ཞུགས་པ་བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་སྟེ། གནས་གཅིག་གིས་དཔེ་བསྟན་ནས་རིམ་བཞིན་རྒྱ་ཆེར་གཏོང་བའི་འདེབས་འཛུགས་བྱེད་སྟངས་འཕེལ་རྒྱས་བཏང་ནས་ཤ་མོ་འདེབས་འཛུགས་རྟེན་གཞི་མུའུ17བཙུགས་པ་དང་། ས་ཞིང་འཁོར་རྒྱུག་བྱས་ནས་བོད་བྱ་གསོ་སྤེལ་དང་སོན་སྲུང་རྟེན་གཞི་བཙུགས་ཡོད། ཏང་མིས་བསམ་ཕོད་པ་དང་སྒྲུབ་ཕོད་པ། མགོ་ཁྲིད་ནས་ཚོད་ལྟ་བྱེད་པར་བསྔགས་སྐུལ་དང་། གསོ་སྐྱོང་གཉིས་དང་སྣེ་ཁྲིད་གཉིས་ཀྱི་ལས་གཞི་དོན་ལ་འཁྱོལ་པ། ཕྱུག་འགྱུར་གྱི་སྣེ་ཁྲིད་པ་དང་ཏང་མིས་མང་ཚོགས་ཚོ་ཤ་མོ་འདེབས་འཛུགས་ཁྲོད་དུ་ཞུགས་གང་ཐུབ་ལ་ཁྲིད་སྟོན་བྱས་ཡོད། ཏང་རྩ་འཛུགས་དང་སྤྱི་གཉེར་ཁང་། ཞིང་དུད་བཅས་ཕྱོགས་གསུམ་པོ་གཞི་གཅིག་ཏུ་འདྲེས་ནས་འཕེལ་རྒྱས་གཏོང་བའི་བྱེད་སྟངས་སྤྱད་དེ། སྲིད་གཞུང་གི་རོགས་སྐྱོར་སྲིད་ཇུས་དང་གྲོང་ཚོའི་ཐུན་མོང་གི་ཐོན་ཁུངས། ཀྲི་པུའུ་ཡིས་སྣེ་ཁྲིད་བྱེད་པ། རྟེན་གཞིའི་གཞི་ཁྱོན་དང་ཏང་མིས་མིག་དཔེ་བྱས་ནས་ཞུགས་པའི་མཉམ་ལས་ལེགས་ཆ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་བསྡུ་སྒྲིལ་བྱས་ཏེ། གྲོང་ཚོའི་ཐུན་མོང་དཔལ་འབྱོར་དང་ཀྲི་པུའུ། ཏང་མི་བཅས་ཐུན་མོང་སྒྲིག་གཞི་གཅིག་ཏུ་སྦྲེལ་ནས་ཐོན་ལས་ཡུག་འབྲེལ་ཅན་དང་། རྟེན་གཞི་དུད་ཚང་ལ་སྦྲེལ་པ། ཁེ་སྤོགས་འདོད་མོས་དང་མཐུན་པ། འགན་འཁྲི་གཅིག་ཏུ་སྦྲེལ་བ་བཅས་སྦྲེལ་མཐུད་བཞིའི་བྱེད་སྟངས་ཆགས་ཡོད། དངུལ་གྲངས་གཏན་ཁེལ་དང་ཁེ་སྤོགས་བགོ་བའི་ཁེ་སྤོགས་བགོ་སྟངས་སྤྱད་དེ། 2023ལོར་གྲོང་ཚོའི་ཐུན་མོང་དཔལ་འབྱོར་ལ་ཡོང་འབབ་སྒོར་ཁྲི4.2ལོན་པ་དང་། བོད་བྱ་གསོ་སྤེལ་རྟེན་གཞིར་ཁེ་སྤོགས་སྒོར་ཁྲི8བགོས་ཐུབ་པ་བྱུང་ནས་ཞིང་དུད90སོ་སོར་ལོ་རེར་ཡོང་འབབ་སྒོར1300ལྷག་འཕར་བར་སྐུལ་ཁྲིད་བྱས་ཡོད།
ཏང་ལེགས་སྐྱོང་གིས་སྟར་ཁའི་ཐོན་ལས་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་དེ། ཐུན་མོང་དཔལ་འབྱོར་གྱི་ཐབས་ལམ་རྒྱ་བསྐྱེད་བཏང་། བོན་པོ་གྲོང་ཚོས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་དང་རོགས་སྐྱོར་སྲིད་ཇུས་གང་ལེགས་སྤྱོད་པ། གྲོང་ཚོ་དེའི་ཐོན་ཁུངས་སྔོག་འདོན། ས་ཞིང་བེད་སྤྱོད་འཆར་འགོད་བཟོས་པ། སྟར་ཁ་ཐོན་ལས་འཕེལ་རྒྱས་གཙོ་ཁྲིད་དུ་འཛིན་པ་མཐའ་འཁྱོངས་ཏེ་སྟར་སྡོང་རྟེན་གཞི་མུའུ240བཙུགས་པ་རེད། གཞི་ཁྱོན་ཅན་གྱི་འདེབས་འཛུགས་དང་སྟར་ཁའི་རྒྱུད་སྤུས་གསོ་སྤེལ་བཏང་ནས་སྟར་ཁ་ཐོན་ཚད་དང་སྤུས་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཏེ། 2021ལོ་ནས་བཟུང་གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི18ལྷག་ཟིན་ཡོད་པ་རེད། སྟར་ཁའི་ཐོན་རྫས་གསུམ་དང་ཚད་གཞི་གཅིག་གི་ཐོན་རྫས་ཀྱི་དཔང་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲྭ་ཐོག་གི་ཉོ་ཚོང་དང་འཕྲིན་ཕྲན་གྱི་ཉོ་ཚོང་། དངོས་གཞི་ཚོང་ཁང་བཅས་ཟུང་དུ་འབྲེལ་སྟངས་ཁྱབ་གདལ་བཏང་ནས་རིམ་བཞིན་ཕྱོགས་གསུམ་གཞི་གཅིག་ཅན་གྱི་ཕྱིར་ཚོང་མ་ལག་བསྐྲུན་ཏེ་བོན་པོ་གྲོང་སྡེའི་སྟར་ཁ་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་ཡོད། རྟེན་གཞི་རྒྱས་སྐྲུན་ལས་དོན་འཆར་འགོད་ཧུར་ཐག་བྱས་ནས་སྟར་ཁའི་རྟེན་གཞི་དང་སྐྱེ་ཁམས་གསོ་སྤེལ་ཟུང་སྦྲེལ་གྱི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ཤིང་། ཕྱུག་འགྱུར་སྣེ་ཁྲིད་པས་ཚོད་ལྟའི་སྣེ་ཁྲིད་བྱས་ཏེ་བོད་བྱ2000དང་བོད་ཕག100གསོས་ནས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ལོ་རེར་སྒོར་ཁྲི5རག་པ་རེད།
ཏང་ལེགས་སྐྱོང་གིས་འོད་ཤུགས་ཐོན་ལས་ལ་སྣེ་ཁྲིད་བྱས་ནས་ཐུན་མོང་དཔལ་འབྱོར་གྱི་ཐོན་ཁུངས་རྒྱ་སྐྱེད་བཏང་ཡོད། ཡུལ་ཤོག་དང་གྲོང་སྡེ་རིམ་པ་གཉིས་ཀྱིས་གོང་རིམ་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་འོད་ཤུགས་ལས་གཞི་བརྩོན་ལེན་བྱས་པ་དང་། འོད་ཤུགས་ལས་གཞི་ལག་བསྟར་ཐུབ་པ་འགན་ལེན་བྱ་ཆེད། རྩྭ་ཐང་མཐུན་སྦྱོར་ལས་དོན་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་རྩྭ་ཐང་མཐུན་སྦྱོར་ལས་སྒྲུབ་ཚོ་ཆུང་བཙུགས་ཏེ་ཁེ་ལས་དང་མང་ཚོགས་བར་མཐུན་སྦྱོར་ཞབས་ཞུ་ཡག་པོ་སྒྲུབ་རོགས་བྱས་ནས་ཐུན་མོང་དཔལ་འབྱོར་གྱི་ལོ་རེའི་ཡོང་འབབ་སྒོར་ཁྲི200ལས་བརྒལ་ཐུབ་པ་བྱུང་ཡོད། འོད་ཤུགས་རྟེན་གཞིའི་ལེགས་ཆར་བརྟེན་ནས་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་འོད་ཤུགས་ལག་རྩལ་ལ་བརྟེན་ནས་ལུག400དང་ནོར་གནག25གསོས་ཡོད་པས། གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོར་ལོ་རེར་སྒོར་ཁྲི4ལྷག་ཟིན་གྱི་ཡོད་པ་རེད། གནས་ལུང་པ་འདེབས་འཛུགས་གསོ་སྤེལ་ལས་རིགས་ཞིང་པའི་ཆེད་ལས་སྤྱི་གཉེར་ཁང་གི་འཁོར་སྐྱོད་ཚད་ལྡན་དུ་བཏང་ནས་ཁེ་ལས་ཀྱི་མངག་ཐོ་ལྟར་མཉམ་ལས་ཁང་གིས་མངག་ཐོ་གཏོང་བའི་བྱ་ཐབས་ཀྱིས་མང་ཚོགས་ཀྱི་ཞོར་ལས་རྙེད་དཀའ་བའི་གནད་དོན་ཐག་བཅད་དེ་ལོ་ལྟར་གྲོང་ཚོར་ལས་གནས350ལྷག་སྤྲད་དེ་ཁྱིམ་རེར་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི2ལྷག་ཟིན་གྱི་ཡོད་པ་རེད།།
( སྐལ་བཟང་རྒྱ་མཚོས་བསྒྱུར།)