国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་རྫོང་གི་རིན་པོ་ཆེའི་འགྲེམས་འཚོང་འདུ་ཚོགས་སྐབས་དང་པོར་འགྲེམས་རྫས་འབུམ་

གཅིག་ལྷག་དང་ཉིན་དང་པོའི་ཉོ་ཚོང་

སྒོར་དུང་ཕྱུར་གཅིག་ལས་བརྒལ།

ཉེ་ཆར། དཀར་མཛེས་རྫོང་གི2024ལོའི་རིན་པོ་ཆེའི་འགྲེམས་འཚོང་འདུ་ཚོགས་སྐབས་དང་པོ་རྫོང་ལུས་རྩལ་ཁང་དུ་གཉེར་འགོ་ཚུགས་པ་རེད། ཐེངས་འདིའི་འགྲེམས་འཚོང་འདུ་ཚོགས་ཀྱི་དུས་ཡུན་ཉིན3ཡིན་པ་རེད།

སྨི་གྲུ་བཞི་མ2500ལྷག་ཡོད་པའི་འགྲེམས་སྟོན་ཁུལ་དུ་ས་གནས་དེ་གའི་གནའ་རྫས་དང་རིན་པོ་ཆེའི་ཚོང་ཁང200དང་རྒྱལ་ཡོངས་ཀྱི་རིན་པོ་ཆེའི་ཚོང་ཁང90དང་། ཕ་ཁི་སི་ཐན་དང་ཨ་ཧྥུ་ཧན། ཏི་པའེ། ནེ་པ་ལ་སོགས་རྒྱལ་སྤྱིའི་རིན་པོ་ཆེའི་ཚོང་ཁང10བཅས་ཀྱི་ཚོང་འབྲེལ་མི་སྣ་ཚོ་འཛོམས་ནས་རིན་པོ་ཆེ་འབུམ་གཅིག་ལྷག་བཤམས་ཤིང་། ཉིན་དང་པོའི་ཉོ་ཚོང་དངུལ་གྲངས་སྒོར་དུང་ཕྱུར་གཅིག་ལས་བརྒལ་ཡོད་པ་རེད།

གཟི་གསར་རྙིང་དང་། སྤོས་ཤེལ། བྱུ་རུ་སོགས་རིན་པོ་ཆེའི་རྒྱན་ཆ་འགྲེམས་འཚོང་སྟེགས་བུའི་མདུན་དུ་ཚོང་པ་ཉམས་མྱོང་ཅན་དང་། རིན་པོ་ཆེ་ལ་དགའ་པོ་དང་ཉར་ཚགས་བྱེད་མཁན་སོགས་ཀྱིས་ཁེངས་ཡོད། གཟི་ཡི་རིན་གོང་ས་ཡ་དང་བྱེ་བ་ཅན་དག་མཐོང་དུས་ཚོང་པ་ཚོའི་ཡིད་དབང་རབ་ཏུ་འཕྲོག། སྐབས་ཤིག་ལ་གཟི་ཞིག་གི་རིན་གོང་བྱེ་བ་གཅིག་དང་ས་ཡ་ལྔ་བྱས་ནས་བཙོངས་ཐུབ་སོང་བས་ཡུལ་དངོས་སུ་དགའ་སྤྲོའི་འབོད་སྒྲ་རྒྱུན་ཆད་མེད་པར་གྲག།

ང་ཐེངས་དང་པོར་དཀར་མཛེས་རྫོང་ལ་ཡོང་བ་ཡིན། གནས་འདིའི་ས་ཆ་དང་མི་རྣམས་ཀྱིས་ང་ལ་ཐུན་མོང་མ་ཡིན་པའི་མྱོང་ཚོར་ཁྱད་པར་བ་ཞིག་བྱིན་བྱུང་། གནས་འདི་ལ་བོད་མི་མང་པོ་ཞིག་གིས་ཚོང་ལས་བྱེད་ཐུབ་ཀྱི་འདུག། མ་འོངས་པར་ང་ཚོ་སླར་ཡང་དཀར་མཛེས་ལ་ཡོང་བསམ་པའི་རེ་བ་ཡོད་ཅེས་ཨ་ཧྥུ་ཧན་གྱི་ཚོང་པ་ལི་ཨན་གྱིས་དེ་འདྲ་བཤད། རྒྱལ་ཁབ་ཕྱི་ནང་གི་ཚོང་དོན་ཐོན་ཁུངས་དང་མཉམ་ལས་འབྲེལ་གཏུག་གི་སྟེགས་བུ་དེའི་ཐོག་རྒྱལ་སྤྱིའི་ཚོང་པ་ཚོ་ལ་ཡང་ཚོང་དོན་གྲོས་མོལ་དང་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་པོ་ཐོབ་ཡོད།

དཀར་མཛེས་རྫོང་གི་འབྲེལ་ཡོད་འགན་འཁུར་བས་ད་ལོའི་དམིགས་ཡུལ་ནི་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཐེངས་གསུམ་གཉེར་རྒྱུ་དེ་ཡིན་ཞིང་། ཐེངས་དང་པོ་ནི་ལྔ་གཅིག་རིང་ལ་ནེ་པ་ལའི་ལག་ཤེས་ཐོན་རྫས་དཀར་མཛེས་སུ་བཤམས་པའི་དངོས་མང་སྟོན་ཚོགས་དེ་ཡིན་པ་དང་། ཐེངས་གཉིས་པ་ནི་དེ་རིང་གི་འདུ་ཚོགས་ཡིན། ཐེངས་གསུམ་པ་སྐབས་དང་བསྟུན་ནས་སྤེལ་རྒྱུ་རེད། འདུ་ཚོགས་དེ་ཚོ་སྤེལ་བར་བརྒྱུད་དེ་བོད་རིགས་ཀྱི་རིན་པོ་ཆེ་གཙོས་པའི་ཐོན་རྫས་ཀྱི་ཁྱད་འཕགས་རང་བཞིན་དང་ཚོང་ལས་རང་བཞིན། སྒྱུ་རྩལ་རང་བཞིན་སོགས་རྣམ་པར་མངོན་ནས། དཀར་མཛེས་ཁུལ་གྱི་དཀར་མཛེས་རྫོང་གི་གཟུགས་རྣམ་ཟོང་རྟགས་སྐྲུན་པར་བསྐུལ་བ་དང་། བོད་ཀྱི་རིན་པོ་ཆེ་གཙོས་པའི་ཐོན་རྫས་འཛམ་གླིང་དུ་འཛད་སྤྱོད་ཐུབ་པ་སྣེ་ཁྲིད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།

( བློ་བཟང་དོན་འགྲུབ་ཀྱིས་བྲིས་ཤིང་པར་བླངས།)