国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་མི་དམངས་སྨན་ཁང་གིས་སྲ་ཆས་གློ་སྦུག་ཤེལ་ནས་དབུགས་ལམ་ངན་སྐྲན་གཤགས་ཏེ་ལམ་ལྷོང་བྱུང་།

སྲ་ཆས་གློ་སྦུག་ཤེལ་ནས་དབུགས་ལམ་ངན་སྐྲན་གཤགས་བཅོས་བྱེད་བཞིན་པ།

སྤྱི་ཟླ6པའི་ཚེས13ཉིན་ལ། སི་ཁྲོན་ནུབ་བྱང་ས་ཁུལ་གྱི་སྲ་ཆས་གློ་སྦུག་ཤེལ་ནས་དབུགས་ལམ་ངན་སྐྲན་གྱི་གཤགས་བཅོས་ཐོག་མ་དེ་ཁུལ་མི་དམངས་སྨན་ཁང་དུ་བྱས་ནས་ལམ་ལྷོང་བྱུང་བ་རེད། ཚུལ་དེ་ལས་སྨན་ཁང་དེས་འབྱིན་རྔུབ་ནས་ཞུགས་ཏེ་དབུགས་ལམ་གྱི་ངན་སྐྲན་བཅོས་པའི་ཐད་ལ་ལག་རྩལ་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་མཚོན་གྱི་ཡོད་པ་དང་། དཀར་མཛེས་ཁུལ་དང་ཐ་ན་སི་ཁྲོན་བོད་འབྲེལ་ས་ཁུལ་གྱི་ལག་རྩལ་ཁྱབ་ཁོངས་དེའི་སྟོང་ཆ་གསབ་ཡོད་ལ། དབུགས་སྐྲན་ནད་པར་རྨས་ཕྲན་བུའི་སྒོ་ནས་ཚེ་སྲོག་སྐྱོབ་པའི་ལེའུ་གསར་པ་ཡང་བརྩམས་ཡོད་པ་རེད།

ཐེངས་འདིའི་སྨན་བཅོས་ཇུས་གཞི་དེ་སི་ཁྲོན་ནུབ་བྱང་ས་ཁུལ་གྱི་ནད་གཞི་ཐོག་མ་ཡིན་པའི་ངོས་ནས་གཤགས་བཅོས་ཀྱི་སྔོན་ལ་སྨན་ཁང་དེའི་འབྱིན་རྔུབ་དང་ནད་གཞི་ཚབས་ཆེན་གསོ་རིག་ཚན་ཁག་གི་འབྱིན་རྔུབ་ནང་ཞུགས་ཚོགས་པས་དཔྱད་དཔོག་གང་ལེགས་དང་གྲ་སྒྲིག་ཞིབ་ཚགས་བྱས་པ་དང་འབྲེལ་སྦྲིད་སྨན་ཚན་ཁག་དང་། འགོས་ནད་ཚན་ཁག། འགྱེད་འཕྲོ་ཚན་ཁག་སོགས་དང་མཉམ་ལས་དམ་ཟབ་སྨན་གྲོས་ཐེངས་མང་བྱས་ཏེ་འཚུབ་བསྟུན་སྔོན་ཇུས་ཆ་ཚང་བཟོས་ནས་སྲ་ཆས་གློ་སྦུག་ཤེལ་ནས་ཕྱོགས་བསྡུས་ནང་ཞུགས་སྨན་བཅོས་བྱེད་ཐབས་གཏན་ལ་ཕབ་པ་རེད།

ལག་རྩལ་འདིར་རྨས་སྐྱོན་ཆུང་བ་དང་ཕན་ནུས་མགྱོགས་པ། ནད་པའི་བཟོད་བསྲན་ཐུབ་ཚད་ཆེ་བ། ཞོར་ནད་ཉུང་བ། འགྲོ་སོང་ཆུང་བ་སོགས་ཀྱི་དགེ་མཚན་ལྡན་པས། དེ་ནི་དབུགས་སྐྲན་ནད་པར་མཚོན་ན་བཀྲ་ཤིས་པའི་གཏམ་བཟང་ཞིག་རེད།

ད་སྔར་སྨན་ཁང་དེས་རྒྱལ་ནང་གི་སྔོན་ཐོན་གྱི་སྲ་ཆས་གློ་སྦུག་ཤེལ་དང་བྱེད་ནུས་མང་བའི་དབུགས་སེལ་གཤགས་བཅོས་མ་ལག་དྲངས་ནས་ལག་རྩལ་དེ་སྔར་བས་སྲ་བརྟན་དུ་གཏང་རྒྱུར་གཞོལ་བཞིན་ཡོད་པར་མ་ཟད། འབྱིན་རྔུབ་ནང་ཞུགས་སྨན་བཅོས་ཁྲོད་དུ་བྱང་ཆུབ་པར་སྤྱོད་ཐུབ་པ་དང་ལྷག་པར་དུ་ཉེན་ཁ་ཆེ་བའི་ནད་གཞི་མྱུར་སྐྱོབ་ཐད་ཀྱི་སྨན་བཅོས་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཀྱི་ཡོད་པ་རེད། སླད་ཕྱིན་འབྲེལ་ཡོད་ཚན་ཁག་གིས་མུ་མཐུད་དེ་ལག་རྩལ་ལ་ལེགས་པར་བརྩོན་ཏེ་ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་སྣ་ཚོགས་སྤེལ་ནས་ནད་ཐོག་སྨན་བཅོས་ལ་ཞབས་འདེགས་ཞུ་རྒྱུ་དང་། ནད་པར་དེ་བས་མང་པོར་རྙོག་འཛིང་ཆེ་བའི་དབུགས་ལམ་གྱི་དཀའ་གནད་བསལ་རྒྱུ་ཡིན་པ་རེད།།

(བདེ་སྐྱིད་ཀྱིས་བསྒྱུར།)