国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་ས་གནས་ཁག་གི་ཞིང་པས་དབྱར་ཐོག་སྡུད་པའི་ལས་ལ་བྲེལ།

ཞིང་པས་བརྔ་བསྡུ་འཕྲུལ་ཆས་ཀྱིས་ལོ་ཏོག་རྔ་བཞིན་པ།

ད་སྔར་དབྱར་བསྡུའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས་རང་ཁུལ་ས་གནས་ཁག་གི་ཞིང་དུ་གྲོ་ནས་ཡག་པོར་སྨིན་པ་དང་།ཞིང་པ་ཚོས་ཡངས་ཤིང་རྒྱ་ཆེ་བའི་ཞིང་དུ་བརྔ་བསྡུ་འཕྲུལ་འཁོར་བཏང་ནས་དབྱར་བསྡུ་ལས་ལ་བྲེལ་བཞིན་ཡོད།

ཕྱག་ཕྲེང་རྫོང་གི་ཞིང་འཕྲུལ་གསར་པས་བརྔ་བསྡུ་ལ་སྒུལ་ཤུགས་བསྣན།

སྤྱི་ཟླ6པའི་ཚེས12ཉིན་གྱི་སྔ་དྲོར། ཕྱག་ཕྲེང་རྫོང་ཤམ་པ་ལ་གྲོང་རྡལ་འབུར་གསར་གྲོང་སྡེའི་ཞིང་ལས་འཕྲུལ་ཆས་པ་ཕུན་ཚོགས་ཀྱིས་བརྔ་བསྡུ་འཕྲུལ་འཁོར་བཏང་ནས་གྲོ་ཞིང་དུ་བསྐྱོད་ཡོད།

འབུར་གསར་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཐུབ་བསྟན་གྱིས་ང་ཚོས་མུའུ130ལྷག་ཡོད་པའི་གྲོ་ཞིང་དུ་བརྔ་བསྡུ་འཕྲུལ་འཁོར་སྤྱད་དེ་བརྔ་བསྡུ་བྱེད་བཞིན་ཡོད། སྔོན་ཆད་ངལ་རྩོལ་ནུས་ཤུགས་གཅིག་གིས་ཉིན་གཅིག་ལ་ཞིང་མུའུ་གཅིག་ལས་བརྔ་བསྡུ་ཐུབ་ཀྱི་མེད། མུའུ130ལྷག་བརྔ་བསྡུ་བྱེད་པར་ཁྱིམ་མི་ཡོངས་ཀྱིས་ལས་ནའང་ཉིན་བཅུ་ལྷག་དགོས་མོད། ད་ཆ་འཕྲུལ་ཆས་སྤྱད་ནས་བརྔ་བསྡུ་བྱེད་དུས་ཉིན་བདུན་ནང་བསྡུ་ཐུབ་པས་ཧ་ཅང་སྟབས་བདེ་འདུག། བརྔ་བསྡུ་འཕྲུལ་འཁོར་གྱི་ལས་ཆོད་ཆེ་བ་དང་དུས་ཚོད་ཐུང་དུ་བཏང་བས་ཧ་ཅང་བེད་ཡོད་འདུག་ཅེས་བཤད།

འཕྲུལ་ཆས་ཅན་གྱི་བརྔ་བསྡུ་བྱས་པས་གྲོང་སྡེའི་བརྔ་བསྡུ་མྱུར་ཚད་མགྱོགས་སུ་ཕྱིན་ཡོད། ཕྱག་ཕྲེང་རྫོང་ཞིང་འབྲོག་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ད་སྔར་རྫོང་ཡོངས་ཀྱིས་གྲོ་མུའུ1900ལྷག་དང་ནས་མུའུ1300ལྷག་བརྔ་བསྡུ་བྱས་ཡོད། མ་རྨོས་ལོ་ཏོག་མུའུ6600ལྷག་བཏབ་པས་རྫོང་ཡོངས་ཀྱི་བརྔ་བསྡུ་མགྱོགས་ལ་ཡག་པོ་བྱེད་བཞིན་ཡོད།

ཉེ་བའི་ལོ་ཤས་རིང་། ཕྱག་ཕྲེང་རྫོང་གིས་ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་དུས་མཉམ་དུ་ཞིང་ལས་ལག་རྩལ་ཤེས་ལྡན་མི་སྣ་བསྡུས་ནས་ཞིང་དུ་བསྐྱོད་དེ་ཞིང་དུད་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་སྐྱེད་བྱེད་པར་མཛུབ་ཁྲིད་བྱས་ཏེ་ལག་རྩལ་དང་ཞབས་ཞུར་བརྟེན་ནས་འབྲུ་རིགས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོར་འགན་སྲུང་བྱས་ནས་འབྲུ་རིགས་ཐོན་སྐྱེད་དང་། ཞིང་ལས་ཕན་འབྲས་ཐོན་སྒྱུར། ཞིང་པའི་ཡོང་འབབ་འཕར་བར་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།ད་སྔར་ཕྱག་ཕྲེང་རྫོང་གིས་བརྔ་བསྡུ་འཕྲུལ་འཁོར་ཆེ་གྲས30དང་།འདྲུད་འཐེན་འཁོར་ལོ་ཆེ་གྲས3 འདྲུད་འཐེན་འཁོར་ལོ་འབྲིང་གྲས30བཅས་ཉོ་སྒྲུབ་བྱས་ཡོད། སླད་ཕྱིན་ཞིང་ལས་ཐད་མ་དངུལ་གཏོང་ཚད་མུ་མཐུད་མང་དུ་བཏང་ནས་ཞིང་ལས་འཕྲུལ་ཆས་གསར་པ་ཁྱབ་གདལ་ཧུར་ཐག་བཏང་ནས་ཞིང་ལས་ཐོན་སྐྱེད་ཀྱི་ལས་ཆོད་ཆེ་རུ་གཏོང་བ་དང་།ངལ་རྩོལ་ཤུགས་ཚད་དམའ་རུ་བཏང་ནས་ཡུལ་སྡེ་དར་རྒྱས་ཡོང་བར་རོགས་བྱས་ཏེ་ཞིང་ལས་སྟོབས་ལྡན་དང་།གྲོང་སྡེ་མཛེས་པོ།ཞིང་པ་ཕྱུག་པོར་ཡོང་བར་ཤུགས་རྒྱག་བཞིན་ཡོད།

འབའ་ཐང་རྫོང་གི་ཞིང་པ་ཚོ་བརྔ་བསྡུའི་ལས་ལ་བྲེལ་བཞིན་ཡོད།

ད་སྔར་གྲོ་བརྔ་བསྡུའི་དུས་ཚིགས་སུ་སླེབས་སྐབས་འབའ་ཐང་རྫོང་བྱ་ཁྱུང་གྲོང་རྡལ་གྱི་ཞིང་དུ་སྐྱོད་ཚེ་གསེར་མདོག་ལྡན་པའི་གྲོ་ཞིང་གི་རྦ་རླབས་གནམ་སྔོན་ལྗང་མདོག་གི་འོག་ཏུ་མཐའ་མེད་རྒྱ་མཚོ་ཞིག་དང་འདྲ།

ཉིན་ཤས་རིང་བྱ་ཁྱུང་གྲོང་རྡལ་གྱི་ཡུལ་མི་ཚོས་གནམ་གཤིས་ཡག་པོ་དམ་འཛིན་བྱས་ནས་གྲོ་བརྔ་བསྡུ་བྱེད་བཞིན་ཡོད། བརྔ་བསྡུ་བྱ་ཡུལ་དུ་བརྔ་བསྡུ་འཕྲུལ་འཁོར་དང་ཡུལ་མིའི་བྲེལ་འཚུབ་ཆེ་བའི་རྣམ་པས་ཁེངས་བཞིན་ཡོད། གྲོ་སྙེ་བརྔ་བསྡུ་འཕྲུལ་འཁོར་གྱི་སྦུག་ལམ་དང་བསྟུན་ནས་བཞུར་ཞིང་། ཡུལ་མི་ཚོས་ཁུག་མ་གང་རེ་གང་རེ་ཐུམ་བརྒྱབ་ནས་ནང་དུ་འཁུར་བཞིན་ཡོད།

བྱ་ཁྱུང་གྲོང་རྡལ་གྱི་ཡུལ་མི་ཡེ་ཤེས་ཚེ་རིང་གིས་ད་ལོའི་གྲོ་ཐོན་ཚད་ཅུང་ལེགས་པས་མུའུ་རེར་སྤྱི་རྒྱ500ཙམ་ལ་ཟིན་ཡོད། ང་ཚོས་དུས་ཚོད་དམ་འཛིན་བྱས་ནས་གྲོ་བརྔ་བསྡུ་ཚར་རྗེས་མ་རྨོས་ལོ་ཏོག་འདེབས་ཀྱི་ཡོད། ད་ལོར་འཕྲུལ་འཁོར་བརྔ་བསྡུ་དུས་ཚོད་ཀྱི་མ་གནས་དང་མི་ཤུགས་དངོས་ཤུགས་གྲོན་ཆུང་ཆེན་པོ་ཐུབ་ལ་དུས་ཚིགས་གཉིས་པའི་ཞིང་ལས་སྐྱེ་དངོས་ཀྱང་དུས་ཐོག་ཏུ་འདེབས་ཐུབ་ཡོད་ཅེས་བཤད།

ཉེ་བའི་ལོ་ཤས་རིང་འབའ་ཐང་རྫོང་གིས་འབྲུ་རིགས་འཕེལ་རྒྱས་གཏོང་བར་ས་ཞིང་དང་ལག་རྩལ་དགོས་པའི་འཐབ་ཇུས་དོན་འཁྱོལ་ལ་བསྐུལ་ནས་འབྲུ་རིགས་ཉེན་མེད་ཀྱི་འགན་འཁྲི་སྲ་བརྟན་དུ་བཏང་བ་དང་།གྲོ་འདེབས་གོང་གི་སྲིད་ཇུས་དྲིལ་བསྒྲགས་དང་།ལག་རྩལ་གསོ་སྦྱོང་།ཞིང་ཁའི་དོ་དམ་བཅས་ཀྱི་ལས་དོན་ལ་ཤུགས་བརྒྱབ་སྟེ་གནོད་འཚེ་སྔོན་འགོག་དང་ཆུང་དུ་གཏོང་བའི་ལག་རྩལ་མཛུབ་ཁྲིད་ཞབས་ཞུར་ཤུགས་བརྒྱབ་སྟེ་འབྲུ་རིགས་ཐོན་འཕར་དང་ལོ་ལེགས་ཡོང་བར་འགན་ལེན་བྱས་ཏེ་གྲོང་སྡེའི་ཐོན་ལས་འཕེལ་རྒྱས་ཏན་ཏིག་ཡོང་བ་བྱས་ནས་ཡུལ་སྡེ་དར་རྒྱས་གཏོང་བར་རོགས་རམ་བྱེད་ཀྱི་ཡོད་པ་རེད།། ( ཀུན་དགས་བསྒྱུར།)