国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འཁོར་བའི་བསླུ་བྲིད།

སོང་སོང་རྡོག་པའི་མཐིལ་གྱིས་མི་ནོན་པའི།།

འདི་སྣང་འཁོར་བའི་འགྲུལ་བཞུད་ཤིན་ཏུ་རིང་།།

བསམ་བསམ་སེམས་ཀྱི་ཐོག་ཏུ་མི་ཁེལ་བའི།།

མི་ཚེའི་ཤུལ་ལམ་འདི་ཡང་ཤིན་ཏུ་རིང་།།

བྱས་བྱས་བྱས་པའི་གཏིང་མཐའ་མི་ཆོད་པའི།།

སྨིག་རྒྱུའི་འཇིག་རྟེན་འདི་ཀོ་རབ་ཏུ་མཚར།།

མཚར་མཚར་སྣང་བརྙན་རི་མོ་བཀྲ་བ་ཡི།།

འབྱམས་ཀླས་སེམས་པ་འདི་ཡང་རབ་ཏུ་མཚར།།

ཇི་ལྟར་བཙལ་ཀྱང་རྙེད་པ་དཀའ་བ་ཡི།།

སྣ་ཚོགས་སྣ་མང་ཆོས་ལ་མི་སྤྲོ་འོ།།

ལྷོད་ཆགས་སེམས་ཀྱི་བདེ་སྐྱིད་འཇོམས་པ་ཡི།།

འདུ་འཛིའི་འཚོ་བ་འདི་ཡང་མི་སྤྲོ་འོ།།

མི་རྟག་སྐྱེ་འཆིའི་རླུང་གིས་སྒུལ་བ་ཡི།།

མི་ལུས་ཐོ་ཡོར་ལྟ་བུར་མི་སྐྱིད་དོ།།

ཆགས་སྡང་གངས་ཆར་འདྲེས་མས་བརླན་པ་ཡི།།

བཙུན་གཟུགས་ཕལ་པ་འདི་ཡང་མི་སྐྱིད་དོ།།

ཚེ་སྟོད་སྐྱིད་ཀྱི་དགོད་སྒྲས་ཁེངས་པ་ཡི།།

ལྷན་འཛོམས་དུས་ཀྱི་དགའ་སྟོན་མ་ངེས་སོ།།

ཚེ་སྨད་སྡུག་གི་སྨྲེང་བས་མནར་བ་ཡི།།

ལས་ཀྱི་གྱེས་བྲལ་འདི་ཡང་མ་ངེས་སོ།།

ཆུ་ཟླའི་གཟུགས་ལ་རི་མོ་བྲིས་པ་འདྲའི།།

ཕར་བལྟས་སྣང་བའི་ཆོས་ཀུན་མི་རྟག་གོ།

ཟིན་མེད་ཆར་རྗེས་འཇའ་དང་མཚུངས་པ་ཡི།།

དྲན་འཕྲུལ་བློ་གཤོག་འདི་ཡང་མི་རྟག་གོ།

༼ འཇོ་མདའ་པདྨ། ༽