བྱམས་པ་ཆོས་གྲགས། བོད་རིགས། 1993ལོའི་ཟླ་བ12པར་སྐྱེས། 2011ལོའི་ཟླ་བ12པར་དམག་ནང་དུ་ཞུགས། ད་ལྟའི་ཤོག་དམག་ཨང71པ་ཝང་ཅེ་དཔུང་སྡེའི“དཀའ་ངལ་ལ་མི་སྐྲག་པ་དང་འཆི་རྒྱུར་མི་སྐྲག་པའི་སྙིང་སྟོབས་སྐྱོང་བའི་དཔེ་བཟང་བརྒྱ་ཤོག”གི་བརྒྱ་དཔོན་གྱི་འགན་བཞེས་བཞིན་ཡོད། དམག་ནང་ཞུགས་ནས་ལོ13རིང་ལ“དམག་མི་ཕུལ་བྱུང་”དང་“དང་བླངས་དམག་ཕུལ་བྱུང་།”“དམག་ལ་དགའ་བའི་དཔེ་བཟང་དམག”
བཅས་ལ་བདམས་པ་དང་། ཤོག་དམག་གིས“དཀའ་ངལ་ལ་མི་སྐྲག་པ་དང་འཆི་རྒྱུར་མི་སྐྲག་པའི་སྙིང་སྟོབས་བརྒྱུད་འཛིན་མཁན་མི་བརྒྱའི་གྲས”དང་“དམག་གྲབས་སྦྱོང་བརྡར་གྱི་སྔོན་ཐོན་མི་སྒེར”ལ་བདམས་ཡོད། སྐམ་དམག་གིས་“ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་སྔོན་ཐོན་མི་སྒེར”དང་“ཡོད་པ་བཞིའི་མི་སྒེར་ཕུལ་བྱུང”གི་གཟེངས་རྟགས་སྤྲད་པ་རེད། མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པ་ཐེངས3དང་བྱས་རྗེས་རིམ་པ་གཉིས་པ་ཐེངས1གི་གཟི་བརྗིད་ཐོབ་པ་རེད། 2023ལོར་བྱམས་པ་ཆོས་གྲགས་ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་དགུ་པའི་རྗེས་སྣོན་ཨུ་ཡོན་དང་ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པའི་འཐུས་མིར་བདམས་ཐོན་བྱུང་ནས་ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པ་རེད།
དང་བླངས་དམག་གི་དུས་སུ་ཁོ་ལ་ལོ་གསུམ་བསྟུད་མར་མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་གྱི་གཟི་བརྗིད་ཐོབ་པ་དང་། དམག་དོན་སློབ་གྲྭ་ནས་མཐར་ཕྱིན་པའི་ལོ་གསུམ་རིང་ལ་ཁོ་རང་ལྡིང་དཔོན་ནས་བརྒྱ་དཔོན་གཞོན་པ་དང་དེ་ནས་བརྒྱ་དཔོན་བར་འཕར་བ་དང་། ལོ་གཅིག་རིང་ལ་སྐམ་དམག་གི་གཟེངས་བསྟོད་ཐེངས་གཉིས་རག་པ་དང་། ད་ཆར་ཁོས་བྱས་རྗེས་རིམ་པ་གཉིས་པའི་རྟགས་མ་བླངས་ཡོད།
ཡིད་ཆེས་བཅངས་ནས་ཏང་གི་རིགས་གཞུང་བརྩོན།།
དམག་ཞུགས་ལམ་དུ་ལག་ལེན་དངོས་སུ་བསྟར།།
ལོ13སྔོན་ལ་བྱམས་པ་ཆོས་གྲགས་ནི་རྒྱ་སྐད་བཤད་མི་ཤེས་པ་དང་རྒྱ་ཡིག་ཡིག་འབྲུ་གཅིག་ཙམ་མི་ཤེས་པའི་བོད་རིགས་བུ་ཕྲུག་ཅིག་ཡིན་ཞིང་། 2011ལོར་ལོ17དུ་སོན་པའི་བྱམས་པ་ཆོས་གྲགས་ཀྱིས་དམག་ནང་ཞུགས་པའི་མིང་ཐོ་བཀོད་རྗེས་དམག་དཔུང་གི་འཚོ་བའི་འགོ་བརྩམས་པ་རེད། དམག་དཔུང་དུ་ཐོག་མར་སླེབས་དུས་རྒྱ་སྐད་བཤད་མི་ཤེས་པའི་རྐྱེན་གྱིས་ཕན་ཚུན་བར་ཁ་བརྡ་ལབ་སྐབས་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། དེར་བརྟེན་དམག་མི་གསར་པའི་བཅུ་ཤོག་འཛིན་གཙོ་ཡིས་བྱམས་པ་ཆོས་གྲགས་ལ《སྤྱི་སྐད་སྦྱོང་བརྡར་ལག་དེབ》དང་《དེང་རབས་རྒྱ་ཡིག་ཚིག་མཛོད》སོགས་དཔེ་དེབ་ཉོས་ནས་ངང་རྒྱུད་རིང་པོས་ཁོ་ལ་འབྲི་ཀློག་བསླབས། ཁོས་ངལ་གསོའི་དུས་ཚོད་བེད་སྤྱོད་ནས་སློབ་སྦྱོང་ཁང་དུ་རྒྱ་ཡིག་སློབ་སྦྱོང་ལ་འབད་བརྩོན་ཆུ་བོའི་རྒྱུན་བཞིན་བྱས་མཐར་རྒྱ་སྐད་ཆུ་རྒྱུག་རྒྱུག་བཤད་ཐུབ་པར་གྱུར།
ཐེངས་ཤིག་ལ་དམག་ནང་དུ་སྦྱོང་རྟོགས་བཤད་སྤྱོད་ཅེས་པའི་མང་ཚོགས་རང་བཞིན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་བྱེད་སྒོ་སྤེལ་བ་དང་བསྟུན་ནས་བྱམས་པ་ཆོས་གྲགས་ཀྱི་རིགས་པའི་གཞུང་ལུགས་སྦྱོང་བའི་སྤྲོ་བ་ཀུན་ནས་རྒྱས་ཤིང་། དེ་ནས་ཁོས་ཉིན་ལྟར་རིགས་པའི་གཞུང་ལུགས་ཀྱི་དཔེ་དེབ་ཆུ་ཚོད་ཕྱེད་ཀ་བཀླག་རྒྱུ་རྒྱུན་འཁྱོངས་པ་དང་། ལོ་འདི་དག་གི་རིང་ལ། ཁོས་སྔ་རྗེས་སུ་སློབ་སྦྱོང་གི་དཔྱད་གཞིའི་ཡིག་རིགས་དེབ་བཅུ་ལྷག་དྲས་སྦྱར་བྱས་ཤིང་ཡིག་འབྲུ་ཁྲི20ལྷག་ཡོད་པའི་སློབ་སྦྱོང་ཟིན་བྲིས་བསགས་ཡོད། གོང་རིམ་གྱིས་ཁོ་རང་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་དཔེ་སྟོན་དམག་མི་ལ་བདམས་པར་མ་ཟད། དམག་དཔུང་གི་འཆད་ཁྲིད་ཁང་དུ་ཐེངས་མང་ཞུགས་ནས་རང་ཉིད་ཀྱི་དམག་དཔུང་གི་འཚར་ལོངས་བརྒྱུད་རིམ་བཤད་པར་བརྟེན། དཔུང་དམག་ཚོའི་ཁས་ལེན་གང་ལེགས་ཐོབ་པ་རེད།
ཁམས་ཀྱི་ཕོ་རྒོད་འབད་འཐབ་ལམ་དུ་ཞུགས།།
དཀའ་སྤྱད་སྡུག་རུས་བྱས་ནས་འབྲས་བཟང་བླངས།།
དམག་གསར་གྱི་སྦྱོང་བརྡར་དཀའ་ཚེགས་ཇི་ལྟར་ཆེ་ཡང་བྱམས་པ་ཆོས་གྲགས་ཀྱིས་སྡུག་སྐད་ཚིག་གཅིག་ཀྱང་ཤོར་མེད། ལག་འབོམ་དབྱུག་པ་དང་སྨི3000ཡི་འགྲན་སྡུར་ཁྲོད་ལ་བྱ་དགའ་ཨང་དང་པོ་བླངས་ནས་སློབ་མཇུག་བསྒྲིལ་སྐབས་དམག་མི་གསར་པ་ཕུལ་བྱུང་གི་གྲས་སུ་བདམས་པ་རེད། བརྒྱ་ཤོག་ཏུ་སོང་རྗེས་བྱམས་པ་ཆོས་གྲགས་ཀྱིས་སྔར་བཞིན་དུས་ཚོད་དམ་འཛིན་བྱས་ནས་སློབ་སྦྱོང་དང་སྦྱོང་བརྡར་གཉིས་ཆ་ལ་འབད་འབུངས་ལྷོད་མེད་བྱས།
བྱམས་པ་ཆོས་གྲགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་ནི་བོད་རིགས་འཐབ་འཛིང་པ་ངའི་རེ་འདུན་དང་ཕུགས་འདུན་ཡིན་ལ། མི་ཚེ་འདིར་འགྱོད་པ་མེད་པའི་ཆབ་སྲིད་ཀྱི་དོན་གཉེར་ཡང་ཡིན། ངས་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་སྒོ་ཆེན་དུ་སྔ་ཙམ་འཛུལ་རྒྱུའི་བརྩོན་ལེན་བྱེད་པ་ཡིན་ཞེས་བཤད་ཅིང་། དང་བླངས་དམག་ལ་བསྒྱུར་རྗེས། བསམ་བློར་ཡར་ཐོན་བྱུང་བའི་བྱམས་པ་ཆོས་གྲགས་ཏང་རྩ་འཛུགས་དང་ཉེ་བར་ཧུར་ཐག་བཅར་ནས་སྔ་རྗེས་སུ་བརྒྱ་ཤོག་ཏང་ཀྲི་པུའུ་ལ་ཏང་ནང་ཞུགས་རྒྱུའི་རེ་ཞུ་ཡི་གེ་ཐེངས་གསུམ་ཕུལ་བ་རེད། བྱང་ཚད་ལེགས་པོ་ལ་བརྟེན་ནས་ཁོ་རང་བརྒྱ་ཤོག་གི་དཔེ་བཟང་མིང་ཐོར་ཐེངས་མང་ཚུད་ཡོད་པར་མ་ཟད། ད་དུང་བརྒྱ་ཤོག་གིས་དམག་མི་ཕུལ་བྱུང་ལ་བདམས་པ་རེད། 2015ལོར་གྲུབ་འབྲས་འབུར་དུ་ཐོན་པའི་ཁོ་རང་ཏང་ནང་ཞུགས་པར་མ་ཟད། ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དཔེ་བཟང་བཅུ་ཤོག་གི་འཛིན་གཙོ་ལ་བསྐོ་གཞག་བྱས་ཤིང་། བཅུ་ཤོག་ཡོངས་ཀྱི་སྣེ་ཁྲིད་ནས་ལེ་ཧྥེང་གི་སྙིང་སྟོབས་དར་སྤེལ་དང་ལག་ལེན་མཐར་ཕྱིན་བྱས། ལོ་དེར་གོང་གིས་གཉེར་པའི་དྲག་རྩལ་ཕུལ་བྱུང་འགྲན་སྡུར་གྱི་དཔྱད་ཞིབ་ཏུ་བྱམས་པ་ཆོས་གྲགས་ལ་སྨི400ཡི་མཚོ་བརྒལ་གླིང་འཛེགས་པ་དང་སྨི1000ཡི་འཐབ་འཛིང་ལུས་སྟོབས་འགྲན་སྡུར་དུ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པ་ཐེངས་ཤིག་ཐོབ་པ་རེད། 2016ལོར་བྱམས་པ་ཆོས་གྲགས་ཀྱིས་ཤོག་དམག་གི་སྨི1000ཡི་དམག་འཐབ་ལུས་སྟོབས་ཀྱི་ཟིན་ཐོ་གཏོར་ནས་མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པ་ཐེངས་ཤིག་ཐོབ། 2017ལོར་ཁོ་ལ་སླར་ཡང་ཤོག་དམག་གི་སྨི400ཡི་མཚོ་བརྒལ་གླིང་འཛེགས་དྲག་རྩལ་འགྲན་སྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ།
དེ་བས་ལོ་གསུམ་བསྟུད་མར་ཁོ་ལ་མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པའི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། 2018ལོར་གྲུབ་འབྲས་འབུར་དུ་ཐོན་པའི་དབང་གིས་བྱམས་པ་ཆོས་གྲགས་ཐད་ཀར་ལས་བྱེད་པར་བདམས་པ་དང་། དམག་དོན་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་ཁོང་གིས་དཀའ་ངལ་ལ་མི་སྐྲག་པ་དང་འཆི་རྒྱུར་མི་སྐྲག་པའི་སྙིང་སྟོབས་སྐྱོང་བའི་དཔེ་བཟང་བརྒྱ་ཤོག་གི་ལྡིང་དཔོན་གྱི་འགན་བཞེས་པ་རེད།
ནམ་ཡང་ཏང་གི་བཀའ་དྲིན་རྗེས་སུ་དྲན།།
རྩལ་ཡོན་གཉིས་ལྡན་བརྒྱུད་པ་གསར་དུ་འཛིན།།
བྱམས་པ་ཆོས་གྲགས་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཕྱག་ཕྲེང་རྫོང་གི་མི་ཡིན་ཞིང་། དམག་ནང་མ་ཞུགས་གོང་ཕ་ཡུལ་ནི་རྒྱལ་ཁབ་ཀྱིས་ལོ་མང་པོར་དབུལ་ཕོངས་ལས་ཐར་མེད་པའི་དབུལ་ཕོངས་རྫོང་གི་གྲས་སུ་བཙུད་ཡོད། རང་ཉིད་དམག་མི་བྱས་ནས་འཚར་ལོངས་བྱུང་བའི་བརྒྱུད་རིམ་དང་ཕ་ཡུལ་གྱི་འགྱུར་ལྡོག་ལ་ཕྱིར་དྲན་བྱེད་སྐབས་བྱམས་པ་ཆོས་གྲགས་ཀྱིས་ཕ་ཡུལ་དང་མི་དམངས་ལ་རང་ཉིད་ཀྱི་ནུས་པས་གང་ལྕོགས་ཀྱི་བྱས་རྗེས་འབུལ་རྒྱུ་ཡིན་ཞེས་བཤད། དེར་བརྟེན་ཁོས་རང་འགུལ་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲིལ་བསྒྲགས་པའི་འགན་ཁུར་ནས་གྲོང་སྡེ་དང་ཁྱིམ་ཚང་དུ་བསྐྱོད་ནས་ཡུལ་མི་ཚོར་ཏང་གི་མི་རིགས་སྲིད་ཇུས་བསྒྲགས་པ་དང་། བྱིས་པར་གཅེས་སྐྱོང་ཞལ་འདེབས་བྱེད་སྒོ་ཡང་སྤེལ་བ་རེད།
2023ལོའི་སྤྱི་ཟླ3པར་བྱམས་པ་ཆོས་གྲགས་ལ་སྐམ་དམག་གིས་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་སྤྲད་པར་མ་ཟད། དཀའ་ངལ་ལ་མི་སྐྲག་པ་དང་འཆི་རྒྱུར་མི་སྐྲག་པའི་སྙིང་སྟོབས་དར་སྤེལ་གཏོང་བའི་དཔེ་བཟང་བརྒྱ་ཤོག་གི་བརྒྱ་དཔོན་གཞོན་པའི་འགན་ཁུར་དུ་བཅུག། ལོ་དེའི་སྤྱི་ཟླ10པར་བྱམས་པ་ཆོས་གྲགས་སྐམ་དམག་གི་ཡོད་པ་བཞིའི་མི་སྒེར་ཕུལ་བྱུང་ལ་བདམས་ཤིང་། ལོ་མཇུག་ཏུ་ཁོ་རང་ལ་དཀའ་ངལ་ལ་མི་སྐྲག་པ་དང་འཆི་རྒྱུར་མི་སྐྲག་པའི་སྙིང་སྟོབས་དར་སྤེལ་གཏོང་བའི་དཔེ་བཟང་བརྒྱ་ཤོག་གི་བརྒྱ་དཔོན་གྱི་འགན་ཁུར་དུ་བཅུག། དེ་ནས་ཁོས་བརྒྱ་ཤོག་གི་སྣེ་ཁྲིད་དེ་ཕྱི་རོལ་དུ་བཅའ་སྦྱོང་དང་བསྒྲུབ་གཞི་འགག་སྒྲོལ། མེ་མདའ་འཕེན་པ་སོགས་དམག་སྦྱོང་དང་དམག་གྲབས་ལ་བློ་རྩེ་གཅིག་སྒྲིམ་གྱིས་ཞུགས་ནས་ལས་འགན་ཕུན་སུམ་ཚོགས་པ་གྲུབ་ཡོད་པ་དང་སྦྲགས། གོང་རིམ་གྱི་ཁས་ལེན་གང་ལེགས་ཐོབ་པ་རེད། ལས་ཀར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པས་བྱམས་པ་ཆོས་གྲགས་ལ་མི་སྒེར་གྱི་བྱས་རྗེས་རིམ་པ་གཉིས་པ་ཐེངས་ཤིག་ཐོབ་པ་རེད།
བྱམས་པ་ཆོས་གྲགས་ཀྱི་ལོ13རིང་གི་དམག་དཔུང་གི་འཚོ་བ་ལ་ཕྱིར་མིག་བལྟས་པ་ན། འཐབ་འཛིང་པ་ཞིག་ནས་འཛིན་གཙོ་དང་། དེ་ནས་ལས་བྱེད་པར་སྤར་ནས་རྒྱུགས་སྦྱངས་བརྒྱུད་དེ་ལྡིང་དཔོན་དང་བརྒྱ་དཔོན་གཞོན་པ། མཐར་བརྒྱ་དཔོན་བཅས་སུ་གྱུར་ཡོད། ཁོ་ནི་བྱ་རྒྱལ་ཁྱུང་ཆེན་ཞིག་གིས་གཤོག་ཟུང་ངོམས་ཏེ་ནམ་འཕང་གཅོད་བཞིན་པ་དང་འདྲ་བར་ནམ་ཡང་དམག་བྱས་དམག་ལས་སྒྲུབ་པ་དེ་རང་ཉིད་ཀྱི་བླ་ན་མེད་པའི་རིན་ཐང་དུ་བརྩིས་ཏེ། ཧུར་ཐག་གིས་ཝང་ཅེ་སྙིང་སྟོབས་ཀྱི་བརྒྱུད་འཛིན་མཁན་གསར་པ་ཞིག་ཡོང་བར་བརྩོན་ལེན་བྱེད་བཞིན་ཡོད་དོ།། ( བདེ་ཆེན་དབང་མོས་བྲིས།)