国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་སློབ་གྲྭ་ཆུང་འབྲིང་སློབ་མའི་ལུས་རྩལ་འགྲན་ཚོགས་དང་སྒྱུ་རྩལ་དུས་ཆེན་སྐབས་དྲུག་པའི་དམའ་འབྲིང་ཚོ་ཁག་གི་ཞབས་བྲོ་འགྲན་སྡུར་སྤེལ།

ཉེ་ཆར། དཀར་མཛེས་ཁུལ་སློབ་གྲྭ་ཆུང་འབྲིང་གི་ལུས་རྩལ་འགྲན་ཚོགས་དང་སྒྱུ་རྩལ་དུས་ཆེན་སྐབས་དྲུག་པའི་དམའ་འབྲིང་ཚོ་ཆུང་གི་ཞབས་བྲོའི་འགྲན་སྡུར་དར་མདོའི་མཛའ་གཞས་ཐང་ཆེན་དུ་སྤེལ་བ་རེད། ཐེངས་འདིའི་འགྲན་སྡུར་ནི“རྒྱལ་ཁབ་སྟོབས་ལྡན་གྱི་ཕུགས་འདུན་མངོན་འགྱུར་དང་ཉི་འོད་འོག་འཚར་ལོངས་བྱུང་བ”ཞེས་པས་གཙོ་དོན་བྱས་ནས་ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)ཁག་ནས་ཡོང་བའི་ཞབས་བྲོའི་རུ་ཁག18ཞུགས་པ་རེད།

འགྲན་སྡུར་བྱ་ཡུལ་དུ་སློབ་མ་ཚོས་སྤྲོ་སེམས་དང་ལྡེམ་མྱུར་གྱི་སྟངས་སྟབས་ལ་བརྟེན་ནས་ལྟད་མོ་བ་ཚོར་ངོ་མཚར་ཆེ་བའི་ཞབས་བྲོའི་སྟོན་མོ་ཞིག་ཕུལ་ཞིང་། དཀར་མཛེས་ཁུལ་གྱི་ན་གཞོན་སློབ་མའི་ཧུར་བརྩོན་ཡར་རྒྱས་དང་སྐྱེ་སྟོབས་དཔལ་འབར་བའི་ཉམས་འགྱུར་ཡོངས་སུ་མངོན་ཡོད།

འགྲན་སྡུར་ཁྲོད་ཞིབ་དཔྱད་ཨུ་ལྷན་གྱིས་ཞབས་བྲོའི་རྣམ་པ་དང་འཁྲབ་ལུགས། རྩལ་ནུས་སོགས་ཀྱི་ཐད་ནས་ཕྱོགས་བསྡུས་སྐར་གྲངས་དཔྱད་བསྡུར་བྱས་པ་རེད། མཐར་ཉག་ཆུ་རྫོང་གི《ཁམས་པའི་ཕོ་རྒོད》དང་སྡེ་དགེ་རྫོང་གི《གླིང་གེ་སར་རྒྱལ་པོ》ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། དཔལ་ཡུལ་རྫོང་གི《མཛུབ་མོ་སྐོར་བྲོ་རྒྱུན་འཛིན》དང་འབའ་ཐང་རྫོང་གི《གར་གཞས》སེར་ཤུལ་རྫོང་གི《ཞྭ་མོ་ཁ་སྡེར》དཀར་མཛེས་རྫོང་གི《ལྷ་མོའི་ཟློས་གར》བཅས་ལ་བྱ་དགའ་ཨང་གཉིས་པ་ཐོབ། རོང་བྲག་རྫོང་གི《བ་སྤྲུའི་མེ་ཏོག་བཞད་པ》དང་སྡེ་རོང་རྫོང་གི《བྲོ》ཉག་རོང་རྫོང་གི《ཉག་རོང་སྐོར་བྲོ》བྲག་མགོ་རྫོང་གི《ལོ་ལེགས་ཀྱི་སྤྲོ་སྣང》ཕྱག་ཕྲེང་རྫོང་གི《གསར་བརྗེའི་ཤམ་བྷ་ལ》བཅས་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།།

(ཡེ་ཤེས་ཀྱིས་བསྒྱུར།)