国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གློ་བུར་བའི་རྟོགས་འགྱུ།

སྤྲིན་དཀར་ལང་ལོང་རྩེན་པའི་སར།།ཞོགས་པའི་ཅོང་བརྡ་ཁྲོལ་བྱས་དང་།།སྡེ་ཆེན་རི་བའི་ཐང་དཀྱིལ་ནས།།མི་རིང་ཁྱེད་ཉིད་འཚམས་འདྲི་བྱེད།།

དགའ་ལང་བདེ་བའི་རོ་མངར་འདི།།བཅོས་མའི་ཟོལ་དུ་འཁྲུངས་ན་ཡང་།།ནམ་འཕང་སྟོད་པའི་སེམས་འགྱུ་ཞིག།བྲིས་པའི་ཤོག་ལེབ་ངོས་སུ་ཕབ།།

འཆི་མེད་གྲུབ་པའི་དགའ་ཚལ་དུ།།རིག་འཛིན་ཕོ་མོས་གྲོགས་མཛོད་དང་།།ངང་བའི་བུ་མོ་ལུས་ཅན་མས།།ཤེས་པའི་མེ་ཏོག་ཁྱེད་ལ་གཏོར།།

ཕ་ཀི་རི་རབ་འཁོར་ལོ་རུ།།དམར་ཡག་སྟག་གི་མཆོང་སྟངས་ཡོད།།དེ་ལས་ལྷག་པའི་དགའ་མ་ཞིག །ཚིག་གི་བག་མར་བསུ་འམ་ལགས།།

དབྱངས་སྙན་ཅོ་ཀའི་དྲུག་འགྱུར་ལ།།སྙན་པའི་གདངས་གླིང་མྱུར་ཁྲོལ་དང་།།འདོད་འཇོ་བ་ཡི་སྨན་ཤར་དེ།།ཡུན་ཙམ་གམ་དུ་ཕེགས་ལགས་སམ།།

ང་ནི་ཉོན་མོངས་ར་རིའི་སྦགས།བཅོས་མའི་ཚུལ་ཞིག་ཡོད་མ་གྱུར།།ཁྱེད་ཀྱི་དཀར་གསལ་ཟླ་བ་ཡིས།།བདག་གི་སེམས་འདི་ཡུན་ཙམ་སྒུལ།། ༼ ཁམས་ཟླ་སྲས། ༽