ལྷུག་རྩོམ་སྙན་རྩོམ་སྒྲུང་རྩོམ་ལ་སོགས་པའི།།
མི་རིགས་སོ་སོའི་གསར་རྩོམ་དཔལ་འབར་སྐབས།།
སྙན་ངག་རྟ་མཆོག་སྐོམ་པས་གདུང་སོང་ན།།
བསིལ་འཇམ་ལྷུང་ལྷུང་རྒྱུག་ཆུ་ང་ཡིས་བྱེད།།
དུས་དེབ་ཚགས་དེབ་གངས་རྒྱན་མེ་ཏོག་སོགས།།
རྩོམ་རྩལ་ངོམས་སའི་གར་སྟེགས་འབེལ་བའི་སྐབས།།
སྡེབ་སྦྱོར་གླང་ཆེན་ཚ་བས་གཙེས་སོང་ན།།
གླང་པོ་འཇུག་པའི་པད་རྫིང་ང་ཡིས་བྱེད།།
བོད་ཀྱི་རིག་གཞུང་མ་དྲོ་རྒྱ་མཚོའི་ཟླ།།
མིང་ཚིག་མཁའ་ཡི་སྐར་ལྟར་ཕྱུག་པའི་སྐབས།།
མངོན་བརྗོད་སེང་གེ་དྲེགས་པས་གཟེར་སོང་ན།།
ཡན་ལག་བརྒྱད་ལྡན་ཆུ་བོ་ང་ཡིས་བྱེད།།
སྔོན་བྱོན་དྲན་དབང་དྲིན་གྱི་ཐུགས་མཚོ་ལས།།
བཞུར་བའི་ལྷ་མོའི་འཁྲབ་གཞུང་ཟབ་པའི་དུས།།
ཟློས་གར་བུ་ཆུང་དྭ་ཕྲུག་ལུས་སོང་ན།།
མ་སྐྱེས་ཕ་ལྟར་གཉོར་མཁན་ང་ཡིས་བྱེད།།
གནམ་རིག་རྩིས་ཀྱི་ཐོག་མདའ་མཁའ་ལ་འཕགས།།
ལོ་སྐོར་བཅུ་གཉིས་སྦར་མོའི་ནང་འཇོག་སྐབས།།
སྐར་རྩིས་ཕ་ཤུལ་སྟོང་པ་ལུས་སོང་ན།།
རིགས་ཀྱི་སྲོལ་རྒྱུན་འཛིན་མཁན་ང་ཡིས་བྱེད།།
རང་རྒྱལ་དང་ནི་གོ་ལའི་རྒྱལ་ཁབ་ཀུན།།
ཚན་རྩལ་སྟོབས་ཀྱིས་མིའང་འཕུར་བའི་སྐབས།།
ཚན་རིག་གཞོན་ནུ་མག་པར་ལེན་ཙ་ན།།
གྲ་རྒྱས་སྣེ་ལེན་བསུ་མ་ང་ཡིས་བྱེད།།
དུས་རབས་གསར་པའི་འགྲན་རྩོད་དཔུང་ཐོག་ཏུ།།
བཟོ་ལས་ཡར་འཕེལ་དགུང་ལ་སྒྲེང་བའི་དུས།།
ལག་རྩལ་བུ་མོ་བག་མར་བསུ་པའི་ཚེ།།
ཤེས་དཔལ་མཛངས་ལྡན་ཁྱོ་བོ་ང་ཡིས་བྱེད།།
མི་རིགས་སོ་སོ་ཤེས་རབ་སྙིང་སྟོབས་ཀྱིས།།
ཡར་རྒྱས་གོམ་པ་རང་སྤོས་བྱེད་པའི་སྐབས།།
རང་ཡུལ་ཁ་བ་ཅན་གྱི་དྲི་བ་དག །
སྙིང་སྟོབས་རྒོད་པོས་ང་ཡིས་སྒྲུབ་པར་བྱ།།
༼ སྣག་ཚ་ནག་པོ། ༽