国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲུང་གུང་དཀར་མཛེས་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་འཚོགས།

( པར་ངོས་དང་པོར་མཐུད།)

ཚང་འཛོམས་གྲོས་ཚོགས་ཀྱིས་ཁུལ་ཨུ་རྒྱུན་ཨུའི་ལས་ཀར་ཁས་ལེན་གང་ལེགས་བྱས་ཤིང་། རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་དུས་བབ་དང་། དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བའི་བརྟན་རླིང་འཕེལ་རྒྱས་ཀྱི་གནོན་ཤུགས། ཉེན་ཁ་འདྲེས་སྦྱོར་དང་འགྲན་སློང་སྣ་ཚོགས་ཀྱི་ངོས་འཛིན་གཅིག་མཐུན་སོགས་ཀྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་འོག། ཁུལ་ཨུས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་ལེན་མཐར་ཕྱིན་བསྟར་ནས། ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་བ་གཙོ་བོར་བྱས་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་བདེ་འཇགས་ཆུ་ཚད་མཐོན་པོ་གཅིག་གྱུར་འཆར་འགོད་སྔར་བས་ལེགས་པར་བྱས་ནས། ཁུལ་ཡོངས་ཀྱི་དཔལ་འབྱོར་བསྐྱར་འཕར་ཡག་པོ་ཡོང་བ་དང་། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་པོ་ཡོང་བ། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་གཏོང་། ཏང་འཛུགས་སྐྱོང་སྤུས་ཚད་མཐོ་རུ་གཏོང་བ་བཅས་ཀྱི་རྣམ་པ་བཟང་པོ་སྔར་བས་རྒྱུན་མཐུད་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་འཛུགས་སྐྱོང་གི་བྱ་བ་ཁག་འཕེལ་རྒྱས་གསར་པ་ཡོང་བར་བསྐུལ་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ནུབ་རྒྱུད་གསར་སྤེལ་ཆེན་པོར་ཚད་མཐོ་བའི་མཐོང་ཆེན་བྱས་ཤིང་། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་གཏང་རྒྱུར་དམིགས་ཏེ་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་གཅིག་གྱུར་འཆར་འགོད་བྱས་ཏེ།ས་ཁོངས་འཕེལ་རྒྱས་དོ་སྙོམས་མེད་པ་དང་མི་འདང་བའི་གནད་དོན་ཐག་གཅོད་བྱ་རྒྱུ་དང་། འཐབ་ཇུས་ཆེན་པོས་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་མིག་མངས་ཆེན་པོ་གྲ་སྒྲིག་བྱས་ཏེ་ནུབ་རྒྱུད་གསར་སྤེལ་ཆེན་པོའི་སྒྲིག་སྲོལ་དང་ལམ་སྲོལ་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་ནུབ་རྒྱུད་ས་ཁུལ་གྱི་རྩ་བའི་ཁ་ཕྱོགས་གཏན་འཁེལ་དང་འཆར་འགོད་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏང་དགོས།ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་བསྟར་བྱས་ནས་ལོ25འཁོར་བའི་མཚམས་ཚིགས་གལ་ཆེན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་ཞིང་། སྲུང་སྐྱོང་ཆེན་པོ་དང་སྒོ་འབྱེད་ཆེན་པོ། འཕེལ་རྒྱས་སྤུས་ཚད་མཐོན་པོ་བཅས་ཀྱི་རྣམ་པ་གསར་པ་སྔར་བས་ཆགས་པར་འཐབ་ཇུས་ཀྱི་བཀོད་སྒྲིག་གནང་བ་དང་། དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་པོར་བསྐུལ་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྱོང་ཁྲོད་ནུས་ཤུགས་ཡོད་རྒུས་ནུབ་རྒྱུད་གསར་སྤེལ་ཆེན་པོར་ལེའུ་གསར་པ་རྩོམ་པར་རྩ་བའི་བརྩི་སྲུང་འདོན་སྤྲོད་བྱས་པ་རེད། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་སོ་སོས་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་པོར་བསྐུལ་བའི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། དཀར་མཛེས་ཁུལ་གྱི་ལས་དོན་དེ་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་པོ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྱོང་གི་ཁྲོད་དུ་བཞག་ནས། གནས་ཐིག་བསམ་གཞིགས་དང་གཅིག་གྱུར་འཆར་འགོད་ཀྱིས་བསྐུལ་ཏེ་ས་ཁོངས་ཧྲིལ་པོའི་སྟོབས་ཤུགས་དང་། རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དཀར་མཛེས་ཁུལ་དུ་དོན་འཁྱོལ་བྱེད་པར་འགན་ལེན་མཐའ་གཅིག་ཏུ་བྱ་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཏང་ཀྲུང་དབྱང་གིས་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་པོར་བསྐུལ་བའི་རྣམ་པ་གསར་པ་ཆགས་པར་བཀོད་སྒྲིག་བྱས་ནས་ལོ་ལྔའི་རིང་ལ། དཀར་མཛེས་ཁུལ་དང་རྒྱལ་ཡོངས་ནུབ་རྒྱུད་ས་ཁུལ་དང་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྱོང་གི་ལམ་བུ་གསར་པར་བསྐྱོད་པ་རེད། དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་པོའི་རྒྱང་སྐྱོད་ལམ་གསར་དུ་སྐྱོད་སྐབས། ང་ཚོས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་བདེ་འཇགས་ཆུ་ཚད་མཐོན་པོ་གཅིག་གྱུར་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས་ནས་དཀར་མཛེས་ཁུལ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྱོང་གི་ལེའུ་མགྱོགས་མྱུར་འབྲི་དགོས་པ་དང་། ངེས་པར་དུ་མ་ལག་གི་འདུ་ཤེས་ལ་ཤུགས་བསྣན་ཏེ། མིག་མངས་གཅིག་གི་བསམ་བློ་བརྟན་པོར་འཛུགས་ཤིང་། འཕེལ་རྒྱས་ཀྱི་གྲུབ་འབྲས་བེད་སྤྱད་ནས་བདེ་འཇགས་བརྟན་བརླིང་གི་རྨང་གཞི་བརྟན་པོ་གཏོང་བར་མཁས་པར་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་པའི་བདེ་འཇགས་ཁོར་ཡུག་བསྐྲུན་མཁས་པ་བྱས་ནས་བདེ་འཇགས་ཁྲོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཁྲོད་བདེ་འཇགས་འགན་སྲུང་གི་ལས་ཀའི་རྣམ་པ་ཧུར་ཐག་འཛུགས་དགོས། ངེས་པར་དུ་འཕེལ་རྒྱས་ཀྱི་བརྟན་ཤུགས་སྲུང་འཛིན་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ།ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་སྐྱོང་བྱེད་པར་ཧུར་ཐག་གིས་ཞུགས་པ་དང་ཞབས་འདེགས་ཞུ་བ། བསྒྱུར་བཅོས་སྒོ་འབྱེད་ཀྱི་འགག་རྩའི་བྱེད་ཐབས་བེད་སྤྱོད་ཡག་པོ་བྱས་ཏེ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཚོད་འཛིན་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགལ་རྐྱེན་མགྱོགས་མྱུར་སེལ་བ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་མཐུན་སྦྱོར་རང་བཞིན།རྒྱུན་སྲིང་རང་བཞིན་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། དཔལ་འབྱོར་སྤུས་ཚད་ནུས་ལྡན་ངང་མཐོ་རུ་གཏོང་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་བར་སྐུལ་འདེད་གཏང་དགོས། ངེས་པར་དུ་མཐིལ་མཚམས་གྱི་བསམ་གཞིགས་བརྟན་པོ་བྱས་ཏེ་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ནས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་སྔོན་འགོག་ནུས་ལྡན་དང་ཁ་གཏད་གཅོག་པ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། མ་ལག་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཐིལ་མཚམས་བརྟན་པོར་བསྲུངས་ནས་བདེ་འཇགས་ཆུ་ཚད་མཐོན་པོའི་རྣམ་པར་བརྟེན་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོར་འགན་སྲུང་ཏན་ཏིག་བྱ་དགོས། ངེས་པར་དུ་མི་དམངས་གོང་དུ་བཀུར་བ་རྒྱུན་འཁྱོངས་ནས་མི་དམངས་གཙོ་བོར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་འཛུགས་པ་དང་། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་དང་། མིའི་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། ཐུན་མོང་འབྱོར་ཕྱུག་ཕྱོགས་སུ་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱེད་པ་བཅས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབ་སར་བརྩིས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་སྔར་ལས་ཆེ་བ་དང་།བདེ་འཇགས་ཀྱི་སྣང་བ་སྔར་ལས་འགན་སྲུང་ཐུབ་པ་བཅས་བྱ་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན།2027ལོར་སླེབས་སྐབས། ཁུལ་ཡོངས་ཀྱི་དཔལ་འབྱོར་བསྡོམས་འབོར་སླར་ཡང་དུང་ཕྱུར་བརྒྱ་ཐམ་པ་གཉིས་ལས་བརྒལ་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་ལ་འཕེལ་རྒྱས་གསར་པ་བྱུང་ཞིང་། ལེགས་ཆ་ལྡན་པའི་ཀ་རྟེན་ཐོན་ལས་རིགས་སྒྱུར་རིམ་སྤོར་མངོན་འགྱུར་བྱུང་ཡོད། འཕེལ་རྒྱས་དོ་སྙོམས་རང་བཞིན་དང་མཐུན་སྦྱོར་རང་བཞིན། རྒྱུན་སྲིང་རང་བཞིན་མཐོ་འདེགས་གསར་པ་བྱུང་ཡོད། དམངས་འཚོ་དང་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་མགྱོགས་སུ་ཕྱིན་པ། སྐྱེ་ཁམས་ཁོར་ཡུག་སྔར་བས་མཛེས་པ།གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་ཐོན་པ།གྲོང་ཡུལ་འཕེལ་རྒྱས་ཀྱི་ཧེ་བག་དང་གྲོང་མིའི་འཚོ་བའི་ཆུ་ཚད་ཀྱི་ཧེ་བག་རིམ་བཞིན་ཆུང་དུ་ཕྱིན་པ། ཁུལ་ཡོངས་སུ་ཚན་རིག་དང་མཐུན་ཞིང་ལུགས་མཐུན་གྱི་ཐོན་ལས་བཀོད་སྒྲིག་དང་བར་སྟོང་གསར་སྤེལ་གྱི་རྣམ་པ་གཞི་རྩའི་ཆ་ནས་ཆགས་པ་དང་། མི་རིགས་ཁག་གི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་ཕྱིན་པ། མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པ་དང་རིག་གནས། འཚོ་བ་བཅས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ།འཚུབ་བསྟུན་དོ་དམ་མ་ལག་དང་ཉེན་ཁ་ཚབས་ཆེན་ལ་དོགས་ཟོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་ཚང་དུ་ཕྱིན་པ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་གི་རྣམ་པ་རྒྱུན་ཆད་མེད་པར་སྲ་བརྟན་དུ་ཕྱིན་པ། 2035ལོར་སླེབས་སྐབས་ཁུལ་ཡོངས་ཀྱི་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་བདེ་འཇགས་ཆུ་ཚད་མཐོན་པོའི་འགུལ་ཚུལ་དོ་སྙོམས་ཡིན་ཞིང་།ཕན་ཚུན་ཇེ་ལེགས་སུ་ཕྱིན་པ། དཔེ་གསར་གྱི་བཟོ་ལས་ཅན་དང་ཆ་འཕྲིན་ཅན། གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཞིང་། སྤྱི་ཚོགས་ཤེས་དཔལ་ཆུ་ཚད་མཐོ་ཚད་གསར་པར་སླེབས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མི་སེམས་སུ་ཟུག་པ། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་བས་བརྟན་དུ་ཕྱིན་པ། མི་རིགས་ཁག་གི་མང་ཚོགས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་དེ་བས་མངོན་གསལ་དོད་པའི་ངོ་བོའི་རང་བཞིན་ལྡན་པའི་འཕེལ་རྒྱས་བྱུང་ནས་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ངེས་པར་དུ་འཕེལ་རྒྱས་སྤུས་ཚད་མཐོན་པོ་རྒྱུན་འཁྱོངས་བྱ་རྒྱུ་དེ་དུས་རབས་གསར་པའི་བདེན་ལུགས་ཡང་དག་པ་ཞིག་ཏུ་བརྩིས་ནས་དཔལ་འབྱོར་འཛུགས་སྐྲུན་གྱི་ལྟེ་བའི་ལས་དོན་དང་འཕེལ་རྒྱས་སྤུས་ཚད་མཐོན་པོའི་ལས་འགན་གཙོ་བོ་དམ་དུ་བཟུང་སྟེ་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཛུགས་སྐྲུན་བྱས་ཏེ་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་ལ་དངོས་པོ་དང་ལག་རྩལ་གྱི་རྨང་གཞི་བརྟན་པོ་ཞིག་མཁོ་འདོན་བྱ་དགོས། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་འཛུགས་སྐྱོང་བྱེད་པ་དང་། རིག་གནས་ཡུལ་སྐོར་དང་།ཁྱད་ལྡན་ཞིང་འབྲོག། ནུས་རྒྱུ་གཙང་མ་བཅས་ཀྱི“ལས་གཞི་ཆེན་པོ་གསུམ”གཅིག་གྱུར་གྱིས་དམ་འཛིན་བྱས་ཏེ་རིག་གནས་ཡུལ་སྐོར་ཁུལ་དང་སྐྱེ་ལྡན་ཁུལ། ནུས་རྒྱུ་ཁུལ་བཅས་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏང་དགོས། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་། གསར་གཏོད་དང་བཅོས་བསྒྱུར་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཇེ་དྲག་ཏུ་གཏོང་བ། ཨང་ཀིའི་དཀར་མཛེས་འཛུགས་སྐྱོང་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་བཅོས་བསྒྱུར་འགག་སྒྲོལ་ཟབ་ཏུ་གཏོང་བ།འཕེལ་རྒྱས་སྤུས་ཚད་མཐོན་པོའི་སྒུལ་ཤུགས་འདེགས་སྐྱོར་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ཕན་ནུས་ཆེ་རུ་གཏོང་གང་ཐུབ་བྱེད་པ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བ། ཁོངས་ཡོངས་ཀྱི་སྒོ་འབྱེད་ཆུ་ཚད་རྒྱུན་མཐུད་ངང་རྒྱ་ཆེར་གཏོང་བ། ཆུ་ཚད་སྔར་ལས་མཐོ་བའི་ས་ཁོངས་མཐུན་སྦྱོར་ཆ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་དགོས། རྫོང་ཁོངས་དེ་འཇུག་སྒོ་གལ་ཆེན་དུ་བྱས་ནས་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་།རྫོང་མཁར་གཞི་རྟེན་གལ་ཆེན་དུ་བྱེད་པའི་གྲོང་རྡལ་ཅན་གསར་པ་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ་ཡུལ་སྡེ་ཁྱོན་ཡོངས་སུ་དར་རྒྱས་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་བ་དང་།གྲོང་ཡུལ་ཐུན་མོང་དར་འཕེལ་ཡོང་བར་སྐུལ་འདེད་གཏང་དགོས། འཕེལ་རྒྱས་སྤུས་ཚད་མཐོན་པོའི་ལྗང་མདོག་གི་གཞི་རྩ་མུ་མཐུད་བརྟན་པོ་བྱས་ནས་སྐྱེ་ཁམས་ཁུལ་སྐྱོང་གི་འཐབ་ཇུས་ལག་ལེན་མཐར་ཕྱིན་བསྟར་ཏེ་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བསྐྲུན་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ལྟ་བ་བརྟན་པོར་བཅངས་ནས་བོད་བརྟན་ཁམས་བདེའི་འཐབ་ཇུས་སྤེལ་ཡུལ་གཙོ་བོ་བརྟན་དུ་གཏོང་བའི་འོས་འགན་གལ་ཆེན་བློ་ཐག་ཆོད་པོས་ཁུར་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་བསྐྲུན་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་བཅང་བ་དང་།མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དང་དགོན་སྡེར་སྤེལ་བའི་ལག་ལེན་བྱ་སྤྱོད་ལ་སྐུལ་འདེད་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་ཏེ་མི་རིགས་ཁག་གི་མང་ཚོགས་ཡོངས་ཁྱབ་ངང་འགྲོ་འོང་དང་སྤེལ་རེས།མཉམ་འདྲེས་ཡོང་བར་སྐུལ་འདེད་གཏང་དགོས། ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་མཐའ་དག་ལ་ཁྲིམས་ལྟར་རྡུང་རྡེག་གཏང་དགོས་པ་དང་། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྲིད་དབང་བདེ་འཇགས། ལམ་ལུགས་བདེ་འཇགས། འདུ་ཤེས་འཛིན་སྟངས་བདེ་འཇགས། དྲ་རྒྱའི་བདེ་འཇགས་བཅས་མཐའ་གཅིག་ཏུ་སྲུང་སྐྱོང་བྱ་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་ཏེ། ནུས་ཤུགས་ཡོད་རྒུས་ཏང་ལེགས་སྐྱོང་དང་དགོན་སྡེ་འཛུགས་སྐྱོང་བཅས་དོན་འཁྱོལ་དམ་འཛིན་བྱས་ཏེ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་ཁྲིད་སྟོན་ཧུར་ཐག་བྱ་དགོས། གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ། ཏང་འཛུགས་སྐྱོང་གིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། འཚུབ་བསྟུན་དོ་དམ་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཆུ་ཚད་མཐོན་པོའི་བདེ་འཇགས་དཀར་མཛེས་དང་ཁྲིམས་སྐྱོང་དཀར་མཛེས་འཛུགས་སྐྱོང་མགྱོགས་སུ་གཏང་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བརྟན་པོར་བྱས་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་བཏང་བ་དང་།མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་རྒྱུན་ཆད་མེད་པར་བསྐང་དགོས། ཧུར་ཐག་གིས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཚོལ་ཞིབ་དང་། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཀྱི་བྱ་སྤྱོད་ལག་བསྟར་བྱས་ཏེ་ཡོང་འབབ་བགོ་བཤའི་གྲུབ་ཚུལ་ལེགས་སྒྱུར་བྱ་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། འཚོ་སྐྱོང་ཞབས་སྐྱོར་གྱི་འཛུགས་སྐྱོང་ལ་ཤུགས་སྣོན་ཏེ་སྤྱི་པའི་ཞབས་ཞུའི་དོ་མཉམ་རང་བཞིན་དང་། སྟབས་བདེ་ཚད། ལག་ལེན་ཐུབ་པའི་རང་བཞིན་བཅས་ཆེ་རུ་གཏང་དགོས། བསམ་པའི་རིག་གནས་ཞབས་ཞུ་མཁོ་སྤྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། དུས་རབས་གསར་པའི་རིག་གནས་སྟོབས་ལྡན་གྱི་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། བོད་འབྲེལ་ས་ཁུལ་གྱི་ཞི་ཅིན་ཕིང་གི་རིག་གནས་དགོངས་དོན་གསོན་ཉམས་ལྡན་པའི་ལག་ལེན་བྱེད་སའི་དཀར་མཛེས་ཁུལ་གྱི་དཔེ་མཚོན་མགྱོགས་མྱུར་འཛུགས་སྐྱོང་བྱ་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་ནན་གསུང་གནང་དོན། ཏང་གི་འགོ་ཁྲིད་ངེས་པར་དུ་དཀར་མཛེས་ཁུལ་གྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཕྱོགས་ཡོངས་དང་བརྒྱུད་རིམ་ཧྲིལ་པོར་བརྟན་པོའི་ངང་ཁྱབ་པར་བྱས་ཏེ། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གི་བྱེད་པོའི་འགན་འཁྲི་དམ་ནན་དུ་གཏོང་བ་དང་།ནུས་ཤུགས་ཡོད་རྒུས་དོན་འཁྱོལ་དམ་འཛིན་དང་། བྱ་སྤྱོད་ལ་ལྟ་བ། ཕན་འབྲས་ཐོན་པ་བཅས་བྱས་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་བདེ་འཇགས་ཆུ་ཚད་མཐོན་པོ་གཅིག་གྱུར་འཆར་འགོད་བྱེད་པའི་ནུས་པ་མཐོ་རུ་གཏང་དགོས། སྲིད་དོན་བྱས་རྗེས་ཀྱི་ལྟ་བ་ཡང་དག་པ་བཅངས་པ་དང་ལག་ལེན་བརྟན་པོར་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་།“གཟུགས་བརྙན་ལས་གཞི”དང“ངོ་སོ་ལས་གཞི”“གཞོགས་ཕྱེད་ལས་གཞི”དང་བསྡོམས་རྩིས་རྫུན་བཟོ་སོགས་ཀྱི་གནད་དོན་ཆེད་དམིགས་བཅོས་སྒྲིག་གཏིང་ཟབ་ཏུ་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅས་མཐའ་གཅིག་ཏུ་ཡོ་བསྲང་བྱ་དགོས། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་རྒྱུན་འཁྱོངས་དང་། མི་རིགས་ས་ཁུལ་གྱི“དམིགས་བསལ་བཞིའི”བླང་བྱ་དོན་འཁྱོལ་བྱས་ཏེ། དོན་དངོས་བསྒྲུབས་པས་དཔའ་བོར་བརྩི་བ་དང་བྱས་རྗེས་དངོས་ལས་ལས་བྱེད་པ་བཀོལ་སྤྱོད་བྱེད་པའི་ཡང་དག་པའི་ལྟ་བ་འཛིན་པ།ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ལས་བྱེད་པ་དང་ཤེས་ལྡན་མི་སྣས་འགན་འཁུར་ཕོད་པ་དང་ལས་ཀ་བྱ་གཞག་གསར་གཏོད་བྱེད་པར་སྐུལ་མ་གཏང་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་ནན་གསུང་གནང་དོན། ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་ལེན་མཐར་ཕྱིན་བྱ་རྒྱུ་ནི་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་རིང་ལ་ཁུལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པ་དང་། རིམ་པ་ཁག་གི་ཏང་ཨུ(ཏང་རྩ་འཙུགས)ཡིས་བརྒྱུད་བསྒྲགས་སློབ་སྦྱོང་དང་། དྲིལ་བསྒྲགས་སྒྲོག་འགྲེལ། སློབ་གསོ་གསོ་སྦྱོང་བཅས་དམ་འཛིན་ཡག་པོ་བྱས་ཏེ་རྒྱ་ཆེའི་ཏང་མི་ལས་བྱེད་པའི་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱིས་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་ཐོག་གཅིག་གྱུར་ཡོང་བར་ཁྲིད་སྟོན་བྱ་དགོས། འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་བདེ་འཇགས་ཆུ་ཚད་མཐོན་པོ་གཅིག་གྱུར་འཆར་འགོད་བྱེད་པའི་རང་རྟོགས་རང་བཞིན་དང་བརྟན་བརླིང་རང་བཞིན་ཆེ་རུ་གཏང་དགོས། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱལ་ཡོང་བར་སྐུལ་འདེད་གཏང་དགོས། བོད་བརྟན་ཁམས་བདེའི་འཐབ་ཇུས་གལ་ཆེའི་ས་གནས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་སྟེ། ཏང་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་དང་ཞིང་ཆེན་གྱི་བཀོད་སྒྲིག། ཁུལ་ཨུའི་བཀོད་སྒྲིག་བཅས་རེ་རེ་བཞིན་དོན་འཁྱོལ་ནན་པོ་དང་གྲུབ་འབྲས་ཐོབ་པ་བྱ་དགོས།

ཚང་འཛོམས་གྲོས་ཚོགས་ཀྱིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང《ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། བློ་མཐུན་ལི་ཆང་གིས་ཁུལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་དགོངས་ཞུ་འབུལ་བར་ཆོག་མཆན་གནང་བ་དང་། བློ་མཐུན་ཝུའུ་ཞང་དབྱང་གིས་ཁུལ་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་གྱི་གོ་གནས་དགོངས་ཞུ་འབུལ་བར་ཆོག་མཆན་གནང་བ་རེད།

ཚང་འཛོམས་གྲོས་ཚོགས་ཀྱིས་ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་མི་ལས་བྱེད་པ་རྣམས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་པོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་ནས་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་ཏུ་སྒྲིལ་བ་དང་ཡིད་ཆེས་བརྟན་དུ་བཏང་སྟེ། དཀའ་སྤྱད་དངོས་སྒྲུབ་དང་གསར་གཏོད་ཡར་བརྩོན་བཅས་བྱས་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་འདེད་བཏང་ནས་བདེ་འཇགས་ཆུ་ཚད་མཐོན་པོ་མངོན་འགྱུར་ཡོང་བ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་འབྲི་བ་བྱ་དགོས་ཞེས་འབོད་སྐུལ་གནང་བ་རེད།།(ལྷ་འཛོམས་དང་བདེ་སྐྱིད།ཡེ་ཤེས། རྒྱ་མཚོ་བཅས་ཀྱིས་བསྒྱུར།)