国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཕྱག་ཕྲེང་རྫོང་བདེ་མོ་ཡུལ་ཤོག་བར་ལ་མདོ་གྲོང་སྡེས་འབྲུབ་འགོག་འཚུབ་བསྟུན་གྱི་ནང་སྦྱོང་བྱ་འགུལ་སྤེལ་ནས་མང་ཚོགས་ཉེན་མེད་ཡོང་བར་འགན་སྲུང་བྱས།

འགན་ཁུར་མངའ་ཁོངས་སུ་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་སྔོན་འགོག་ནུས་ལྡན་ཐུབ་པ་དང་འཚུབ་བསྟུན་ཐག་གཅོད་ཀྱི་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ཆར། ཕྱག་ཕྲེང་རྫོང་བདེ་མོ་ཡུལ་ཤོག་བར་ལ་མདོ་གྲོང་སྡེས་འབྲུབ་འགོག་འཚུབ་བསྟུན་གྱི་ནང་སྦྱོང་བྱ་འགུལ་སྤེལ་ནས་སྔར་ལས་ལྷག་པའི་སྒོས་འབྲུབ་འགོག་བཀོད་འདོམས་དང་མང་ཚོགས་འཚུབ་བསྟུན་གནས་སྤོ་ཉེན་གཡོལ་གྱི་ནུས་པ་ཆེ་རུ་བཏང་སྟེ་མི་དམངས་མང་ཚོགས་ཞོད་དུས་ཀྱི་ཉེན་ཁ་ལས་ཐར་བར་འགན་ལེན་བྱས་པ་རེད།

ད་ཐེངས་ཀྱི་ནང་སྦྱོང་ནི་བར་ལ་མདོ་ལུང་པར་གནས་ཚུལ་བུད་མདོག་བྱས་ཏེ་འབྲུབ་འགོག་ཉེན་བརྡ་བསྒྲགས་པ་ནས་ཉེན་ཁ་ཐོན་པ་དང་། འཚུབ་བསྟུན་འཆར་ཇུས་ལག་ལེན་བསྟར་བ། ཡུལ་དངོས་སུ་བསྐྱོད་པ། རྨས་མ་སྐྱོབ་བཅོས་བཅས་དང་དེ་བཞིན་གློ་བུར་དུ་བྱུང་བའི་དོན་རྐྱེན་འཕྲད་རྗེས་ཀྱི་སྙན་ཞུའི་གོ་རིམ། འཚུབ་བསྟུན་ཐག་གཅོད་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོ་ཐེངས་གཅིག་ལད་ཟློས་བྱས་པ་རེད། ནང་སྦྱོང་ནང་ཞུགས་མཁན་གྱི་མི་སྣའི་ལས་བགོས་ཁ་གསལ་བ་དང་ཡུལ་དངོས་སུ་ལག་བསྟར་ནུས་ལྡན་བྱས་ལ་ཚང་མས་འཆར་ཇུས་ཀྱི་བླང་བྱ་དམ་པོ་སྲུང་ཞིང་གཞོགས་འདེགས་དམ་ཟབ་བྱས་པ་རེད།

ནང་སྦྱོང་ཡུལ་དངོས་སུ་འབྲུབ་འགོག་འཚུབ་བསྟུན་གྱི་རུ་མི་མགྱོགས་མྱུར་ངང་འཛོམས་ཐུབ་ཡོད་པས་སྔོན་བཀོད་ཇུས་གཞི་ལྟར་གོ་རིམ་ལྡན་པའི་སྒོ་ནས་བྱ་སྤྱོད་སྤེལ་ཡོད་པར་མ་ཟད། ཁོ་ཚོས་ཆུ་ལོག་འགོག་པའི་ཡོ་བྱད་སྣ་ཚོགས་བྱང་ཆུབ་པ་སྤྱད་དེ་ཉེན་ཁ་མཆེད་པར་ཚོད་འཛིན་ནུས་ལྡན་བྱས་པ་རེད། དེ་དང་ཆབས་ཅིག་ཏུ་སྨན་བཅོས་མྱུར་སྐྱོབ་ཚོ་ཆུང་ཡང་མགྱོགས་མྱུར་སྒོར་ཡུལ་དངོས་སུ་འབྱོར་ནས་རྨས་མ་རྣམས་དུས་ཐོག་ཏུ་སྐྱོབ་བཅོས་ཐུབ་ཡོད། ནང་སྦྱོང་གི་བརྒྱུད་རིམ་ཧྲིལ་པོ་ཚ་ཚ་འུར་འུར་དང་གོ་རིམ་ལྡན་པ་སྤེལ་ཐུབ་པ་ལས་བར་ལ་མདོ་གྲོང་སྡེའི་འབྲུབ་འགོག་འཚུབ་བསྟུན་དཔུང་ཁག་གི་དངོས་སུ་བཀོལ་སྤྱོད་བྱེད་ནུས་དང་འཚུབ་བསྟུན་ཁ་གཅོག་གི་མྱུར་ཚད་གང་ལེགས་མངོན་ཡོད་པ་རེད།

ད་ཐེངས་ཀྱི་ནང་སྦྱོང་ནང་མང་ཚོགས་དུད་ཚང55ཞུགས་ཡོད། མང་ཚོགས་ཀྱིས་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་འགོག་པའི་འདུ་ཤེས་དང་འཚུབ་བསྟུན་ཐག་གཙོད་ཀྱི་ནུས་པ་ཆེ་རུ་ཕྱིན་པར་མ་ཟད། བར་ལ་མདོ་གྲོང་སྡེའི་ཆུ་ལོག་སྔོན་འགོག་འཚུབ་བསྟུན་འཆར་ཇུས་ཀྱི་ལག་བསྟར་རང་བཞིན་དང་ཕན་ནུས་རང་བཞིན་ལ་ཞིབ་བཤེར་ཡང་ཐུབ་ཡོད། ནང་སྦྱོང་བྱས་པར་བརྒྱུད་ནས་ཚང་མས་ཆུ་ལོག་སྔོན་འགོག་འཚུབ་བསྟུན་ལས་དོན་གྱི་གལ་ཆེ་བའི་རང་བཞིན་དང་དགོས་གཏུག་རང་བཞིན་ལ་སྔར་བས་ཤེས་རྟོགས་ཡག་པོ་བྱུང་བར་མ་ཟད། ཆུ་ལོག་སྔོན་འགོག་འཚུབ་བསྟུན་ལས་དོན་ཁྲོད་རང་ཉིད་ཀྱི་འགན་འཁྲི་དང་ལས་འགན་སྔར་བས་ཁ་གསལ་རྟོགས་ཡོད།

བར་ལ་མདོ་གྲོང་སྡེའི་གྲོང་སྡེ་འགན་ཁུར་བ་བློ་བཟང་ནོར་བུས་ཕྱིན་ཆད་བར་ལ་མདོ་གྲོང་སྡེས་དངོས་སུ་ནང་སྦྱོང་བྱས་པའི་ཉམས་མྱོང་ཕྱོགས་བསྡོམས་དང་ནང་སྦྱོང་ལ་བརྟེན་ནས་མི་འདང་སར་ཞིབ་བཤེར་དང་བརྩོན་སྐུལ་བྱས་ཏེ་ཆུ་ལོག་སྔོན་འགོག་གི་འཚུབ་བསྟུན་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་མང་ཚོགས་ལ་ཆུ་ལོག་གི་ཉེན་ཁ་མི་འབྱུང་བའི་འགན་ལེན་བྱས་ཏེ། མང་ཚོགས་ལ་ཉེན་མེད་ཀྱི་སྡོད་གནས་ཁོར་ཡུག་བསྐྲུན་རྒྱུ་ཡིན་ཞེས་བཤད་པ་རེད།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)