གངས་དཀར་ས་འཛིན་མཐོན་པོས།།
ཁོར་ཡུག་ཡོངས་སུ་བསྐོར་བའི།།
ཡན་ལག་བརྒྱད་ལྡན་ཆུ་བོ།།
ལྷུང་ལྷུང་དལ་གྱི་འབབ་ཅིང་།།
ཡངས་པའི་རྩྭ་ཐང་སྟེང་ན།།
རྟ་ནོར་ལུག་གསུམ་འཛོམས་པའི།།
སྐྱིད་པའི་ཕ་ས་ཕྱུག་མོ།།
དག་ཞིང་མི་ཡུལ་བྱོན་འདྲ།།
མཐོ་བའི་རྫ་རིའི་འགྲམ་ན།།
འབྲོང་རྒོད་དར་མ་རྒྱུ་ཞིང་།།
བདེ་མོ་ཐང་གི་གཞུང་ན།།
མེ་ཏོག་འབུམ་ཕྲག་བཞད་ཡོད།།།
རྐང་དྲུག་སྦྲང་མའི་གཤོག་འགྱུར།།
མེ་ཏོག་ཚལ་ན་འཁོར་ཡོད།།
མཐོ་རིས་སུམ་རྩེན་ལྷ་ཡུལ།།
དགེ་མཚན་གནས་འདིར་འཕོས་ཡོད།།
གོ་ལ་ཟླུམ་པོའི་ཡང་རྩེའི།།
བསིལ་ལྡན་ལྗོངས་ཀྱི་མཛེས་སྡུག།
གླིང་བཞིའི་ཁྱོན་ལ་གྲགས་ཡོད།།
ཕྱོགས་བཞིའི་སྐུ་མགྲོན་མང་པོ།།
གངས་ཅན་སཱ་ལའི་ལྗོངས་ཀྱི།།
སྣོད་བཅུད་ཕྱྭ་གཡང་དཔལ་ལ།།
ཡིད་སེམས་རབ་ཏུ་ཆགས་ནས།།
མཇལ་འདོད་ཡིད་ལ་སྐྱེས་ཡོད།།
༼ བློ་བཟང་འགྱུར་མེད། ༽