国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( པར་ངོས་དང་པར་མཐུད།)

ཞི་ཅིན་ཕིང་གིས་གཏམ་བཤད་གནང་སྐབས། ཧ་སག་སི་ཐན་གྱིས་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཁོར་སྐྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱས་ཡོད་ལ་ལེགས་སྐྱེས་གལ་ཆེན་ཡང་ཕུལ་ཡོད་ཅེས་ཚད་མཐོའི་གདེང་འཇོག་གནང་བ་དང་འབྲེལ། བྷེ་ཨུ་རུ་སུ་ཐེངས་དང་པོར་ཁོངས་མིའི་རྒྱལ་ཁབ་ཀྱི་ངོས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་བཞི་པར་ཞུགས་པ།

ཞི་ཅིན་ཕིང་གིས་བསྟན་དོན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེ་ཉིད་དུས་རབས་འབྲེལ་མཚམས་སུ་བཙུགས་ཤིང་། སྐབས་དེ་དུས་འཇམ་འཐབ་ལས་བྱུང་བའི་འགལ་ཟླ་དང་ཁ་ཕྲལ་གྱི་གནད་དོན་ཐག་གཅོད་བྱུང་མེད། རྩ་འཛུགས་འདིའི་གསར་གཏོད་ཁོངས་མིས་ལོ་རྒྱུས་ཀྱི་གདམ་ག་བྱས་ཏེ་ཞི་བདེའི་འཕེལ་རྒྱས་དོན་གཉེར་བྱས་པ་དང་། ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་ལ་གཞོལ་བ། རྒྱལ་སྤྱིའི་འབྲེལ་བ་གསར་པ་བཙུགས་པ་བཅས་ལ་བརྟེན“ཧྲང་ཧའེ་ཡི་སྙིང་སྟོབས”དེ་ཁོངས་མིའི་རྒྱལ་ཁབ་ཀྱི་ཐུན་མོང་གི་རིན་ཐང་གི་སྲུང་བྱ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་གྱུར་ཡོད།

ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ23སོང་རྗེས་ཁོངས་མིའི་རྒྱལ་ཁབ་ཀྱང10བར་མང་དུ་ཕྱིན་པ་དང་། “ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་ཚང་ཆེན་པོའི”ཁོངས་སུ་གླིང་ཆེན་གསུམ་གྱི་རྒྱལ་ཁབ26ཡོད། རོགས་ཟླ་ཇེ་མང་དུ་ཕྱིན་པར་མ་ཟད། ད་དུང་མཉམ་ལས་ཀྱི་རྨང་གཞི་ཡང་སྔར་ལས་བརྟན་དུ་ཕྱིན་ཡོད། མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་ཇེ་མགྱོགས་སུ་ཕྱིན་ནས་མིའི་རིགས་ཀྱི་སྤྱི་ཚོགས་སླར་ཡང་ལོ་རྒྱུས་ཀྱི་ལམ་བཞི་མདོ་ཁར་སླེབས་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་དྲང་གཞག་དྲང་བདེན་གྱི་ཕྱོགས་སུ་ལངས་པ་དེ་འཛམ་གླིང་ལ་མཚོན་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།

འཇམ་འཐབ་བསམ་གཞིགས་ཀྱི་དོན་དངོས་ཀྱི་འཇིགས་སྐུལ་མདུན་དུ་ང་ཚོས་བདེ་འཇགས་ཀྱི་མཐའ་ཚད་སྲུང་དགོས། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་ཀྱིས་གླེང་མོལ་དང་མཉམ་ལས་ལ་བརྟེན་ནས་རྙོག་འཛིང་ཆེ་བའི་བདེ་འཇགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་གཉིས་ཕན་གྱི་བསམ་གཞིགས་ལ་བརྟེན་ནས་ལེགས་སྒྲིག་གཏིང་ཟབ་བྱས་པའི་རྒྱལ་སྤྱིའི་གནས་སྟངས་ལ་ཁ་གཏད་བཅག་སྟེ། ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས་ཀྱི་འཛམ་གླིང་མཉམ་དུ་སྐྲུན་དགོས།

“སྒོ་ར་ཆུང་ཆུང་དང་གྱང་མཐོ་པོའི”དོན་དངོས་ཀྱི་ཉེན་ཁའི་མདུན་དུ་ང་ཚོས་འཕེལ་རྒྱས་ཀྱི་དབང་ཆར་སྲུང་སྐྱོང་བྱེད་དགོས། ཀུན་ཕན་ཁོང་ཡངས་མུ་མཐུད་ཡོང་བ་དང་། མཉམ་འབྲེལ་ཐོག་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཐོན་ལས་ཀྱི་སྦྲེལ་ཐག་དང་མཁོ་སྤྲོད་ཀྱི་འཁོར་འབྲེལ་བརྟན་པོ་ཐུབ་པར་སྲུང་སྐྱོང་། ས་ཁུལ་དཔལ་འབྱོར་གྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བ་བཅས་བྱས་ཏེ། ཐུན་མོང་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་སྐུལ་འདེད་གཏང་དགོས།

ཐེ་ཇུས་དང་ཁ་ཕྲལ་གྱི་དོན་དངོས་ཀྱི་འགྲན་སློང་མདུན་དུ་ང་ཚོས་མཐུན་སྒྲིལ་གྱི་སྟོབས་ཤུགས་བརྟན་དུ་གཏོང་དགོས། ལག་གདང་སྦྲེལ་ནས་ཕྱི་ཕྱོགས་ཀྱི་ཐེ་ཇུས་བཀག་འགོག་དང་། བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར། ཕན་ཚུན་དོ་ཁུར་དང་ལྟ་རྟོག། འཆམ་མཐུན་བྱས་ནས་ནང་ཁུལ་གྱི་འགལ་ཟླ་སེལ་བ། མཐུན་པ་གཅིག་སྡུད་དང་མི་མཐུན་མཉམ་སེལ་གྱིས་མཉམ་ལས་ཀྱི་དཀའ་གནད་སེལ་བ་བཅས་བྱས་ཏེ། རང་རྒྱལ་ཁབ་ཀྱི་མདུན་ལམ་ལས་དབང་དང་ས་ཁུལ་ཞི་བདེ་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་དུས་བབ་ཀྱི་འགྱུར་ལྡོག་ཆེན་པོའི་ཉམས་སད་ཐེག་དོན་གཙོ་བོ་ནི་ང་ཚོས་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་མཉམ་ལས་ཀྱི་སྲོལ་རྒྱུན་བཟང་པོ་དང་། འདྲ་མཉམ་གཉིས་ཕན་གྱི་མཉམ་ལས་ལམ་བུ། དྲང་གཞག་དྲང་བདེན་གྱི་རིན་ཐང་གཉེར་ཕྱོགས། ཁོང་ཡངས་མིག་ལྟོས་ཀྱི་བློ་རྒྱ་ཆེན་པོ་བཅས་མཐའ་འཁྱོངས་བྱས་པས་རེད། ང་ཚོས་ཐོག་མའི་བསམ་འདུན་བརྟན་པོར་སྲུང་བ་དང་། “ཧྲང་ཧའེ་ཡི་སྙིང་སྟོབས”ཀྱི་དར་ཆ་མུ་མཐུད་མཐོན་པོར་སྒྲེང་བ། ཕན་ཚུན་ལྟ་སྐྱོང་དང་གཡས་གཞོགས་གཡོན་འདེགས་བཅས་བྱས་ཏེ། ཐུན་མོང་ཐོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ཁ་ཕྱོགས་བརྟན་པོར་བསྲུངས་ནས་རྩ་འཛུགས་འདི་ཉིད་ཁོངས་མིའི་རྒྱལ་ཁབ་ཐུན་མོང་ཐོག་དར་རྒྱས་ཡོང་བའི་བློས་འགེལ་ཆོག་པའི་རྒྱབ་རྟེན་དུ་འགྱུར་བར་བྱ་དགོས།

ཚོགས་ཞུགས་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱེད་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་པར་གདེང་འཇོག་ཧུར་ཐག་བྱས་པ་དང་ཆབས་ཅིག། སླད་ཕྱིན་ཚོང་དོན་དང་། འགྲིམ་འགྲུལ། ནུས་རྒྱུ། དངུལ་རྩ། ཞིང་ལས། གྲངས་འཛིན་དཔལ་འབྱོར། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྔར་ལས་ལྷག་པ་རྒྱག་པ་དང་སློབ་གསོ་དང་། རིག་གནས། ཡུལ་སྐོར། གཞོན་ནུ་སོགས་མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་གི་ཡིན་ཞེས་བཤད་ཅིང་། འགོ་ཁྲིད་པས་མིག་སྔའི་འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར་གྱི་དུས་བབ་དང་དེ་བཞིན་རྒྱལ་སྤྱིའི་འབྲེལ་བར་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བའི་མཐུན་སྦྱོར་ནུས་པ་བཏོན་ཏེ། དེ་བས་མཚོན་བྱེད་རང་བཞིན་ལྡན་པ་དང་དེ་བས་དམངས་གཙོ་དང་དྲང་གཞག་གི་སྣེ་མང་འཛམ་གླིང་མ་ལག་འཛུགས་རྒྱུར་སྐུལ་འདེད་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏང་དགོས། རྒྱལ་ཁབ་ཁག་གི་ལུགས་མཐུན་བདེ་འཇགས་ཀྱི་དོ་ཁུར་ལ་བརྩི་འཇོག་བྱེད་པ་དང་། ཞི་བདེའི་ཐབས་ལམ་ལ་བརྟེན་ནས་རྒྱལ་ཁབ་དབར་གྱི་མི་མཐུན་པ་དང་རྩོད་གཞི་སེལ་བར་གཞོལ་བ། ཕྱོགས་རྐྱང་པའི་བཀག་སྡོམ་དང་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད། འགོ་ཁྲིད་པས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་བདེ་འཇགས་ལ་འཇིགས་སྐུལ་བཟོ་བ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། “ངན་ཤུགས་གསུམ”དང་། དུག་ཚོང་། རྒྱལ་སྒྲོལ་སྒྲིག་འཛུགས་ཡོད་པའི་ཉེས་གསོག་བཅས་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་ཞི་བདེ་དང་འཕེལ་རྒྱས་ཡོང་བར་འབད་བརྩོན་བྱེད་པ་དང་། “རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”ལ་གཞིགས་ནས་ཕ་ལེ་སི་ཐན་གྱི་གནད་དོན་ཕྱོགས་ཡོངས་དང་དྲང་གཞག་ཐག་གཅོད་ཡོང་བར་རྒྱབ་སྐྱོར་བཅས་བྱེད་པར་མོས་མཐུན་བྱས་པ་རེད།

ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པས《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཨ་སི་ཐ་ནའི་བསྒྲགས་གཏམ》ལ་མིང་རྟགས་བཀོད་པ་དང་འབྲེལ་ཁྱབ་བསྒྲགས་ཀྱང་བྱས་པ་དང་། རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་བྱས་ནས་འཛམ་གླིང་དྲང་གཞག་དང་། ཞི་མཐུན། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏང་རྒྱུའི་སྐོར་གྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གྲོས་འགོ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཁོར་སྐྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏང་རྒྱུའི་སྐོར་གྱི་གྲོས་འགོར་ཆོག་མཆན་སྤྲད་པ། ཁྱིམ་མཚེས་དབར་ཕན་ཚུན་ཡིད་ཆེས་དང་རོགས་ཟླའི་འབྲེལ་བའི་རྩ་དོན་སྐོར་གྱི་གསལ་བསྒྲགས་དང་དེ་བཞིན་ནུས་རྒྱུ་དང་། མ་འཇོག། ཆ་འཕྲིན་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དང་འབྲེལ་བ་ཡོད་པའི་གྲོས་ཆོད་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་པ་རེད།

ཚོགས་འདུའི་ཐོག་བྷེ་ཨུ་རུ་སུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལ་ཞུགས་རྒྱུར་ཆོག་མཆན་དངོས་སུ་ཐོབ་པ་དང་ཀྲུང་གོས2024ལོ་ནས2025ལོའི་ལོ་འཁོར་གྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུའི་གཏན་འབེབས་བྱས་པ་རེད།།( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)